བོད་དོན་ལ་རྒྱབ་སྐྱོར་ཆེ་ཙམ་ཡོང་བའི་རེ་སྐུལ།
2012.08.12
༄༅༎ཉེ་ཆར་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཨ་རི་གཞུང་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་ཐོག་ལ་འཛིན་པའི་སྲིད་ཇུས་ཁ་གསལ་དུ་དང་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
དུས་ཡུན་རིང་པོ་ནས་བོད་དོན་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Frank Wolf མཆོག་དང་སྐུ་ཞབས་James McGovern རྣམ་གཉིས་བཟུང་འབྲེལ་གྱིས་ཕྱི་ཟླ་བརྒྱད་པའི་ཚེས་༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་Hillary Clinton མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། རྩ་བའི་ཨ་རིའི་གཞུང་དང་དཔོན་རིགས་ནས་རྒྱུན་དུ་བོད་དང་དེ་མིན་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་གནང་གི་ཡོད་པ་ངོས་འཛིན་ཐུབ་ཀྱི་ཡོད་རུང༌། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་བརྟེན་ནས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་གཏོང་བྱེད་པའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཆེན་ཡོད་པར་བརྟེན་ནས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་ཐབས་སུ་ཨ་རིའི་ཕྱོགས་ནས་རྒྱུན་ལྡན་ལྟར་མ་ཡིན་པར་སྔར་བས་ལངས་ཕྱོགས་དང་ལས་དོན་གནང་ཕྱོགས་ཁ་གསལ་དུ་དང༌། ནུས་པ་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་དང༌། ད་དུང་ཨ་རིའི་ཕྱོགས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་དང་དོ་སྣང་ཅན་གྱི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་བཟུང་འབྲེལ་གནང་སྟེ། བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་གནད་དོན་གླེང་སློང་བྱེད་ཡུལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་ཞིག་འདུ་སྐོང་གནང་སྟེ། བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དང༌། དོ་སྣང་ཆེན་པོ་ཡོང་ཐབས་ཐད་ངེས་པར་དུ་ཨ་མི་རི་ཀས་འགན་འཁུར་ཆེན་པོ་བཞེས་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད་པ་རེད།།