མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཕེབས་པ།
2010.11.03
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་དེང་སྐབས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་ལྟར། ཁོང་གིས་རྒྱ་ནག་གཞུང་ལ་འཇམ་མཁས་ཀྱི་བཀའ་མོལ་ཁོ་ན་གནང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་པའི་རྗེས་དེ་རིང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་སྐུ་ཞབས་སྦན་ཀི་མུན་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་གཉིས་མཇལ་འཕྲད་སྐབས་སྤྱི་ཁྱབ་དྲུང་ཆེ་མཆོག་གིས། འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ཡི་གནད་དོན་སྐོར་གླེང་སློང་ཙམ་མ་བྱས་པར་ ཕྱི་ལོ་༢༠༡༡ལོ་རྒྱལ་ཚོགས་ཀྱི་དྲུང་ཆེ་འོས་འདེམས་སྐབས་ཁོང་ལ་བསྐྱར་དུ་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་ཡོང་བར་རྒྱ་ནག་གི་རྒྱབ་སྐྱོར་འཚོལ་ཐབས་བྱས་ཏེ། རྒྱ་ནག་ལ་བསྟུན་མཁས་བྱས་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་བར་བརྟེན། རེས་གཟའ་མིག་དམར་ཉིན་སྤྱི་ཁྱབ་དྲུང་ཆེ་མཆོག་གི་མགྲིན་ཚབ་པས། སྤྱི་ཁྱབ་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་ས་ཆ་གང་དུ་དང་དུས་ཚོད་ག་དུས་མཇལ་འཕྲད་བྱུང་བའི་སྐབས་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་གནང་མྱོང་ཡོད་པ་རེད་ཅེས་གསལ་བཤད་གནང་ཡོད་པ་རེད། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་རྒྱ་ནག་ཏུ་ཉིན་བཞིའི་རིང་གི་འཚམས་འདྲིར་གནང་བཞིན་པ་ལྟར། དེ་རིང་རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་དུ་ཏང་གི་སློབ་གྲའི་ནང་གསུང་བཤད་གནང་བའི་སྐབས། རྒྱ་ནག་ནི་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་པ་དང༌། བསྒྱུར་བཅོས་ནི་ཡང་དག་པའི་ལམ་ཕྱོགས་ཤིག་དང༌། དེའི་ཤུགས་རྐྱེན་འཛམ་གླིང་ནང་འཕེལ་རྒྱས་འགྲོ་བཞིན་པ་དང༌། དེའི་ནུས་སྟོབས་ཀྱང་ཆེན་པོ་རེད། དེ་ལྟ་བུའི་འགྲན་ཟླ་བྲལ་བའི་འཕེལ་རྒྱས་དེ་ལ་རླབས་ཆེ་བའི་འདུན་ལམ་དང་རླབས་ཆེ་བའི་འགན་ཁྲི་ཡོད་པ་རེད་ཅེས་དང༌། ང་ཚོས་འཕེལ་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱས་པ་ཡིན་ན། འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་ཡུལ་ཁག་གྲུབ་འབྲས་སོན་པར་ལེགས་སྐྱེས་མང་བ་ཕུལ་ཐུབ་རྒྱུ་ཡིན་པ་དང༌། དེ་ནི་དེང་རབས་ཡར་ཐོན་གྱི་འཛམ་གླིང་དེའི་ནང་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པའི་རྨང་གཞི་ཡང་ཡིན་ཞེས་གསུངས་ཡོད་པ་རེད།།