བལ་ཡུལ་གཞུང་གིས་བོད་མི་རྒྱ་ནག་གཞུང་ལ་ཕྱིར་སློག་བྱས་པ།
2010.07.30
༄༅༎ད་ལོ་ཕྱི་ཟླ་དྲུག་པའི་འགོ་སྟོད་ཙམ་ལ་བོད་ནས་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་གྱི་བོད་མི་གསུམ་བལ་ཡུལ་གཞུང་གིས་བོད་ནང་ཕྱིར་སློག་བྱས་པའི་རྐྱེན་གྱིས་བོད་མི་གསུམ་པོ་དེ་དག་ནང་ནས་དགེ་འདུན་པ་ཞིག་དང་བེུད་གཅིག་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་གནས་སྟངས་ཐོག་བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གིས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་
བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་མགྲིན་ཚབ་པ་ལྕམ་ནི་ནི་གུ་རུང་གིས་གསུངས་ན་ བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་གསུམ་བལ་ཡུལ་ནས་རྒྱ་ནག་གིས་དབང་བསྒྱུར་བྱེད་བཞིན་པའི་བོད་ནང་ཕྱིར་སློག་བྱས་པའི་གནད་དོན་དེ་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་པས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གིས་དེའི་ཐོག་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་མ་ཟད་ མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱིས་གནད་དོན་དེའི་སྐོར་བལ་ཡུལ་གཞུང་ལ་ཞུ་སྙན་ཡང་ཕུལ་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་
དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་མེ་རི་སྦེཐ་མའར་ཀི་ཡིས་གནད་དོན་དེའི་ཐོག་བལ་ཡུལ་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་དབར་དེ་སྔོན་བཞག་པའི་གྲོས་མཐུན་འོག་བལ་ཡུལ་གཞུང་གིས་བལ་ཡུལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་བཙན་བྱོལ་བ་རྣམས་བལ་ཡུལ་ས་མཚམས་ནང་དཀའ་ངལ་མེད་པའི་ཐོག་འཛུལ་ཞུགས་བྱ་རྒྱུའི་ཁས་ལེན་བཞིན་ལག་བསྟར་གནང་དགོས་པ་དང་ ང་ཚོས་བལ་ཡུལ་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་གཉིས་ནས་ བོད་མི་གསུམ་ཕྱིར་སློག་བྱས་པའི་གནད་དོན་སྐོར་ཞིབ་འཇུག་བྱེད་དགོས་པ་མ་ཟད་ རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་ལས་དོན་ལ་ཐེ་བྱུས་བྱེད་རྒྱུ་དང་ དེ་བཞིན་མ་འོངས་པར་བལ་ཡུལ་ནས་བོད་མི་སྐྱབས་བཅོལ་བ་ཕྱིར་སློབ་བྱེད་པའི་གནས་ཚུལ་རིགས་མི་ཡོང་བ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་བཅས་གསུང་འདུག