རྒྱ་ནག་ནང་འཚོ་རྟེན་དཀའ་ངལ་སྐོར་བཏོན་པའི་སྙན་ཐོ།
2011.03.09
༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཚོགས་དུས་བཅུ་དྲུག་པའི་ཐོག་དམིགས་བསལ་སྐུ་ཚབ་ཀྱིས། རྒྱ་ནག་ནང་འཚོ་རྟེན་དཀའ་ངལ་སྐོར་བཏོན་པའི་སྙན་ཐོའི་ནང་དོན་སྐོར་བཀའ་བསྡུར་གནང་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ཨོ་ ལི་ལྦར་ཌི་ཤུཏར་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༥ནས་༢༣བར་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་སྐབས། བོད་ནང་འབྲོག་པ་ཚོའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བློ་འཚབ་ཆེན་པོ་བཏོན་གནང་འདུག སྙན་ཐོའི་ནང་བོད་དང་ནང་སོག་གཙོས་པའི་ས་ཁུལ་གྱི་འབྲོག་པ་ཚོར་སྒོ་ཕྱུགས་སེམས་ཅན་འཚོ་སྐྱོང་ཆེད་རྩྭ་ཁ་མ་འདངས་པའི་དཀའ་ངལ་འོག་རྩྭ་ཁ་གར་ཡོད་ལ་གནས་སྤོ་དང་། ཡང་ན་དུད་འགྲོ་སེམས་ཅན་བཙོང་ནས་ས་ཆ་གཅིག་ཏུ་འཚོ་རྟེན་མེད་པར་གཞིས་ཆགས་བྱེད་ དགོས་པའི་དཀའ་ངལ་ཐེར་བཏོན་གྱིས། རྒྱ་ནག་གཞུང་གིས་འཆར་གཞི་དེ་རིགས་ཕྱི་བཤོལ་བྱེད་དགོས་པའི་སྐུལ་དེད་གནང་འདུག
རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་རིག་གཞུང་ཐོབ་ཐང་གི་ཆིངས་དོན་ནང་གདོད་མའི་མི་རིགས་ཀྱི་འཚོ་རྟེན་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག་པ་དང་། ཕྱོགས་མཚུངས་སྐྱེ་དངོས་སྣ་ཚོགས་ལ་རྟེན་གཞི་བྱས་པའི་སྤྱི་ཚོགས་སྲུང་སྐྱོབ་ཀྱི་ཆིངས་དོན་ལའང་རྒྱ་ནག་གཞུང་གིས་ཁྲིམས་ཐོག་ཁས་ལེན་བྱས་ཟིན་པར་བརྟེན། རྒྱ་ནག་གཞུང་གིས་འབྲོག་པ་ཚོ་དང་མིང་དོན་མཚུངས་པའི་གོ་བསྡུར་བྱེད་དགོས་ལུགས་གསུངས་ཡོད་འདུག ལྷན་ཚོགས་ཐོག་སྟོང་ལ་ཉེ་བའི་མི་རིགས་ཀྱི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས། ཕྱི་ལོ་༢༠༠༦ལོའི་རྒྱལ་སྤྱིའི་དབུལ་ཕོངས་སྔོན་འགོག་དང་། ཟི་ཁྲོན་ཞིང་ཆེན་ནང་བོད་རིགས་འབྲོག་པ་ཚོ་བཙན་ཤེད་ཀྱིས་གནས་སྤོ་ཡིས་དུད་འགྲོ་སེམས་དང་ཁ་བྲལ་ནས་སྡོད་ཁང་ནང་བརྙན་འཕྲིན་བལྟ་རྒྱུ་ཙམ་ལས་འཚོ་རྟེན་གྱི་གུན་གསབ་གང་ཡང་མེད་པར་གནས་བཞིན་པའི་སྐོར་འགྲེལ་བརྗོད་གནང་འདུག
ཡང་ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྫོང་དཔོན་པདྨ་ཆོས་གླིང་ཕྱི་ཟླ་དང་པོའི་ ཚེས་༡༧ཉིན་གསུངས་པ་ཞིག་ལུང་འདྲེན་གྱིས་འབྲོག་པ་དང་ཞིང་ལས་པ་ས་ཡ་གཅིག་དང་། འབུམ་བཞི་བཅུ་ཞེ་སུམ་ཙམ་ནས་ཁྱིམ་ཚང་འབུམ་གསུམ་ཙམ་གཏན་འཇགས་གཞི་སྤོ་བྱས་ཟིན་པ་ཡོད་པ་དང་། ཕྱི་ལོ་༢༠༡༣ནང་ཚུད་ད་དུང་ཁྱིམ་ཚང་ཆིག་འབུམ་བརྒྱད་ཁྲི་ལྔ་སྟོང་ལྔ་བརྒྱ་ཙམ་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་གནང་འདུག།