རྒྱ་གཞུང་ནས་བོད་ནང་དྲག་གནོན་ཇི་བྱས་ཞིབ་ཕྲ་ཤོད་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བལྟ་རྟོགས་ཚོགས་པས་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་ཞིབ་ཕྲ་ཤོད་དགོས་པའི་ནན་བརྗོད་གནང་ཡོད་པ་རེད།

2008.11.12

༄༅༎རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བལྟ་རྟོགས་ཚོགས་པས་འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་སྐབས་བོད་མིའི་ཐོག་དྲག་གནོན་བྱ་ཐབས་ལག་བསྟར་བྱས་པའི་རིང་ལ་བོད་མི་ཇི་ཙམ་འཛིན་བཟུང་བྱས་པ་དང་གར་སོར་ཆ་མེད་དུ་གྱུར་བ།ཉེས་རྡུང་དང་མནར་གཅོད་བཏང་བ།དམར་གསོད་ཇི་ཙམ་བཏང་བའི་གནས་སྟངས་ལ་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་ཞིབ་ཕྲ་ཤོད་དགོས་པའི་ནན་བརྗོད་གནང་ཡོད་པ་རེད།

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་ལ་ངོ་རྒོལ་གནང་མཁན་གྱི་ཚོགས་ཆུང་གིས་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ཟླ་གསུམ་པ་ནས་བོད་མིའི་ཐོག་ཉེས་རྡུང་མནར་གཅོད་བཏང་བ་དང་བཙོན་འཇུག་བྱས་པ།དམར་གསོད་བཏང་བའི་གནས་ཚུལ་ཐད་གསལ་པོ་བཤད་མེད་པ་དང་དེ་ནི་རྒྱ་ནག་ཕྱོགས་ནས་འཛམ་གླིང་ནང་དུ་ཉེས་རྡུང་དང་མནར་གཅོད་ཀྱི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུའི་རྒྱལ་སྤྱིའི་ཁྲིམས་ལུགས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་པ་དང་འགལ་འཛོལ་བྱས་པ་ཞིག་རེད་ཅེས་གསུང་ཡོད་པ་རེད།

ཚོགས་ཆུང་དེ་ནི་རང་དབང་ཅན་གྱི་ཆེད་ལས་མཁས་དབང་ཚོགས་མི་བཅུ་ལས་གྲུབ་པ་ཞིག་ཡིན་པ་རེད། ཁོང་ཚོས་འཛམ་གླིང་ནང་གཞུང་གིས་མི་དམངས་ཐོག་ཉེས་རྡུང་གཏོང་བ་དང་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བའི་བྱ་སྤྱོད།འགྲོ་བ་མིའི་འདུ་ཤེས་མེད་པར་མཐོང་ཆུང་དང་དམའ་འབེབས།ཁྱད་གསོད་ཐོག་ནས་བསུན་བཙིར་དང་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་པ།ཡང་ན་ཉེས་མེད་ཉེས་དོགས་བྱེད་པ་སོགས་ཚུལ་མཐུན་མ་ཡིན་པའི་བྱ་སྤྱོད་དེ་དག་ཐོག་རྟོགས་ཞིབ་དང་ཞིབ་འཇུག་གནང་མཁན་ཞིག་ཡིན་ཞིང༌།འོན་ཀྱང་ཟླ་བ་འདིའི་ཕྱི་ཚེས་དྲུག་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་པའི་སྐབས་ཁོང་རྣམས་ཀྱིས་རྒྱ་ནག་གི་སྐུ་ཚབ་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་ཕྲ་འགྲེལ་བརྗོད་བྱ་དགོས་པའི་གནོན་ཤུགས་སྤྲད་ཀྱས་ཕྱོགས་ཡོངས་ཀྱི་གནས་ཚུལ་འགྲེལ་བརྗོད་བྱས་པ་མ་གཏོགས་བྱེ་བྲག་གི་གནད་དོན་དང་ལྷག་པར་དུ་ཚོགས་ཆུང་ངོས་ནས་བློ་འཚབ་བྱེད་ཡུལ་གྱི་གླེང་གཞིའི་ཐོག་འགྲེལ་བརྗོད་མ་བྱས་པར་བརྟེན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབཐང་གནས་སྟངས་ལ་ཞིབ་འཇུག་གནང་མཁན་གྱི་འགན་འཛིན་སྐུ་ཞབས་ཤེ་རོན་ཧོམ་ཡིས་ད་རེས་རྒྱ་ནག་གི་སྐུ་ཚབ་ཀྱིས་འགྲེལ་བརྗོད་བྱས་པའི་ཕྱོགས་ཡོངས་ཀྱི་གནས་ཚུལ་དེ་དག་ལ་འདོད་པ་ཁེངས་པ་ཞིག་མ་བྱུང་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎