མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོཌ།
2011.04.03
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་འདི་ལོའི་ལྷན་ཚོགས་དེ་ནི་གཟའ་འཁོར་འདིའི་ནང་ཐའེ་ལེནདྲ་གྱི་རྒྱལ་ས་སྦེང་ཀོཀ་དུ་ཚོགས་བཞིན་ཡོད་པ་དང༌། ཚོགས་བཅར་བ་ཚོགས་མི་ཚོའི་ངོས་ནས་འཛམ་གླིང་ཚ་དྲོད་འཕེལ་བཞིན་པར་གདོང་ལེན་བྱེད་རྒྱུར་ཕྱ་གྲུ་མཉམ་འདེབས་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།
དེང་སྐབས་འཛམ་གླིང་ནང་གློག་གི་ནུས་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་དང༌། ཡང་ཉི་ཧོང་ནང་དུ་གློག་གི་ནུས་ཤུགས་ཀྱི་བཟོ་གྲ་འབར་གས་བྱུང་སྟེ་ནུས་ཤུགས་ཀྱི་དཀའ་ངལ། དེ་བཞིན་རྡོ་སྣུམ་གྱི་རིན་འབབ་འཕེལ་རྒྱས་འགྲོ་བའི་གནད་དོན་འཕྲད་བཞིན་པའི་སྐབས་དེར། རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་དེ་ནི། དེ་རིང་རེས་གཟའ་ཉི་མ་ནས་འགོ་བཙུགས་གནང་སྟེ་ཉིན་གྲངས་དྲུག་བར་ཚོགས་རྒྱུ་ཡིན་ཞིང༌། ཚོགས་བཅར་བ་སྐུ་ཚབ་ཚོའི་ངོས་ནས་ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་ན་ནིང་ཕྱི་ཟླ་༡༢པའི་མེཀ་སི་ཀོ་དུ་བཞག་པའི་གནམ་གཤིས་ཚ་དྲོད་ལ་གདོང་ལེན་བྱ་རྒྱུའི་གྲོས་ཆོད་བྱུང་བའི་འབྲུ་དོན་རྣམས་ལག་བསྟར་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད། གྲོས་ཆོད་དེའི་ནང་དུ་ཚོགས་མི་རྒྱལ་ཁབ་༩༠ལྷག་གིས་གནམ་གཤིས་ཚ་དྲོད་ཀྱི་འགྱུར་ལྡོག་ལ་གདོང་ལེན་བྱ་ཐབས་ལ་། ཁོང་ཚོས་བཟོ་གྲ་དང་གློག་གི་ནུས་ཤུགས་སོགས་ལ་དུག་རླངས་ཡོད་པའི་རྡོ་སོལ་སོགས་བེད་སྤྱོད་གཏོང་རྒྱུ་ཉུང་དུ་གཏོང་རྒྱུ། མོ་ཊའི་དུག་རླངས་མེད་པ་བཟོ་རྒྱུའི་ཛ་དྲག་གི་བྱ་ཐབས་ལག་བསྟར་བྱ་རྒྱུ་དང༌། གཞན་ཡང་༢༠༢༠ནང་ཚུད་ལ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་དུག་རླངས་ཉུང་དུ་གཏོང་རྒྱུར་ཨ་རིའི་ཌོ་ལར་ཐེར་འབུམ་༡༠༠ཡི་རོགས་དངུལ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། ད་དུང་༡༩༩༧ལོར་ཀྱོ་ཏོ་དུ་གྲོས་ཆོད་ཅིག་བཞག་ཡོད་པ་དེའི་ནང༌། གནམ་གཤིས་ཚ་དྲོད་ཀྱི་དཀའ་ངལ་སེལ་ཐབས་ལ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་མོ་ཊ་དང་བཟོ་གྲའི་དུག་རླངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་་ཀྱང་གྲོས་ཆོད་དེ་ནི་༢༠༡༢ལོར་དུས་ཚོད་ཡོལ་ཟིན་གྱི་ཡོད་ཅིང༌། འོན་ཀྱང་གྲོས་ཆོད་དེར་ཉི་ཧོང་དང་ར་ཤི་ཡ་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི། གྲོས་ཆོད་དེའི་ནང་འཛམ་གླིང་ཐོག་དུག་རླངས་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་དང་ཨ་རི་གཉིས་ཞུགས་མེད་པར་བརྟེན། ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཚོས་དུག་རླངས་ཉུང་དུ་གཏོང་བའི་ཁྱབ་ཚད་ནི་རྒྱལ་སྤྱིའི་དུག་རླངས་བརྒྱ་ཆ་༣༠ཙམ་ལས་ཉུང་དུ་གཏོང་ཐུབ་ཀྱི་མེད་པ་རེད།།