བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས།
2012.02.16
༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་གིས་རྒྱ་ནག་གཞུང་ནས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་བོད་ནང་དོན་དངོས་ཀྱི་ཞི་བདེ་ལྷིང་འཇགས་ཡོང་ཐུབ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་སུ་ཞིག་མེད་སྟབས། རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་ཁོ་ནར་བྱས་དང་བྱེད་མུས་ཡིན་པ་དེའི་ཚབ་ཏུ་ དངོས་ཡོད་གནས་ཚུལ་ངོས་འཛིན་གྱིས་ བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་རེ་འདུན་བཏོན་འདུག༎
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ ཨ་རིར་ལྟ་སྐོར་དུ་ཕེབས་པ་དང་སྟབས་བསྟུན་ཚོགས་ཆུང་དེའི་ཚོགས་གཙོ་ཁ་སི་ཊོམ་ཁ་རི་དང་ཤཱ་རི་སྦོ་རོན་རྣམས་གཉིས་ནས་ཕྱི་ཚེས་ ༡༤ ཉིན་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད་ སྤྱི་བསྒྲགས་དེའི་ནང་འཁོད་དོན་དུ་ རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ རྒྱ་ནག་ནང་ཁྲིམས་ལུགས་དབང་བསྒྱུར་གྱི་ལམ་སྲོལ་ཡར་རྒྱས་གཏོང་དགོས་ ཞི་ཅིན་ཕིང་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་དུ་འཁོད་རྒྱུ་ཡིན་སྟབས་ ཧུའུ་ཅིན་ཐའོ་གཙོས་དེ་སྔའི་རྒྱ་ནག་གི་སྲིད་འཛིན་རྣམ་པའི་བྱ་སྤྱོད་ལས་ལྡོག་ཏེ་ རྒྱ་ནག་ནང་དོན་དངོས་དང་མཐུན་པའི་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ དེ་བཞིན་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ གནས་ཚུལ་བརྒྱུད་ལམ་ཁག་ལ་བཀག་འགོག་བྱེད་བཞིན་ཡོད་ རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པར་བརྟེན་ བོད་མི་ཉི་ཤུ་བརྒལ་བས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དང་ ལྷག་པར་དུ་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་བརྒྱབ་སྟེ་དམ་བསྒྲགས་ཇི་ཆེར་གཏོང་བཞིན་ཡོད་པ་དེ་ནི་ང་ཚོར་བློ་ཕམ་དང་སེམས་འཚབ་ཆེན་པོ་ཡོད་ རྒྱ་ནག་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ལ་སྐྱོན་བརྗོད་ཁོ་ནར་མ་བྱས་པར་ གོང་ས་མཆོག་དང་བོད་མི་མང་གི་རེ་འདུན་ལྟར་ བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་སྐོར་སོགས་ཀྱི་རེ་འདུན་ཤུགས་ཆེ་བཏོན་འདུག་༎།