རྒྱ་ནག་དང་ཨ་རིའི་གྲོས་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་རྒྱུ།
2011.05.08
༄༅༎ད་རེས་ཨ་མི་རི་ཀ་དང་རྒྱ་ནག་གི་དཔོན་རིགས་ཀྱི་གྲོས་མོལ་སྐབས། ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་པ་དེ་ཡིས་སླར་ཡང་ཐེངས་དེའི་གྲོས་མོལ་ལ་འགོག་རྐྱེན་དུ་འགྱུར་སྲིད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་དང་ནོར་སྲིད་དྲུང་ཆེ་ཀྲིམ་གའེཐ་ནར་ རྒྱ་ནག་གི་སྲིད་བློན་གཞོན་པ་ལྦང་ཆི་ཧྲན་དང་ཏའེ་པིང་གུའོ་ལྷན་འཛོམས་ཀྱིས་རྒྱ་ནག་དང་ཨ་རིའི་ཐབས་ཇུས་དང༌། དཔལ་འབྱོར་སྐོར་ལ་གྲོས་མོལ་གནང་གི་ཡོད་ཅིང༌། ལྷན་ཚོགས་དེ་ཉིན་གཉིས་རིང་ཚོགས་རྒྱུ་དང༌། དེའི་དམིགས་ཡུལ་ནི་འཛམ་གླིང་ནང་གི་དཔལ་འབྱོར་གྱི་ནུས་སྟོབས་ཆེ་ཤོས་སུ་གྱུར་བའི་སྟོབས་ཆེན་ཨ་རི་དང་རྒྱ་ནག་དབར་ལ་མི་མཐུན་པའི་གནད་དོན་མང་པོ་ཞིག་གིས་རྩོད་གཞི་ཡོང་བཞིན་པ་དེ་སེལ་ཐབས་ཀྱི་གོ་སྐབས་སྐྲུན་ཐབས་བྱེད་པ་ཞིག་ཡིན་པ་རེད། ཉེ་ཆར་ཕྱི་ཟླ་བཞི་པའི་ཟླ་མཇུག་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨ་རི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ལྷན་ཚོགས་ཚོགས་ཡོད་ཀྱང་ཨ་རིའི་ཕྱོགས་ནས་གྲོས་མོལ་དེར་ཡར་རྒྱས་ཀྱི་རྣམ་པ་གང་ཡང་གཟིགས་ཀྱི་མེད་པ་ནི། སྐབས་དེའི་ཨ་རིའི་སྐུ་ཚབ་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མའེ་ཀལ་པོ་སི་ནར་གྱིས་རྒྱ་ནག་གཞུང་ལ། འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་རྡོག་རོལ་བཏང་བའི་སྐྱོན་བརྗོད་བྱས་ཡོད་པ་དང༌། རྒྱ་ནག་ཕྱོགས་ནས་དེར་ལན་འདེབས་བྱས་ཏེ། གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཐོག་ལ་བྱ་སྤྱོད་ཇི་ལྟར་ལག་བསྟར་བྱས་པ་ནི་རྒྱལ་ནང་གི་གནད་དོན་ཞིག་རེད་ཅེས་ཕན་ཚུན་ཤོད་རེས་ཀྱི་རྩོད་གླེང་བྱུང་ཡོད་པ་རེད། གཟའ་འཁོར་སྔོན་དེར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡའི་ཚན་པའི་དྲུང་ཆེ་ཕྱག་རོགས་ཀཏ་ཀེམ་སྦེལ་ཡིས། རིང་མིན་ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་གྱི་ལྷན་ཚོགས་དེའི་ཐོག་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁ་གསལ་དང༌། ངོ་ལྐོག་མེད་པ། ཐད་ཀར་གླེང་སློང་གནང་གི་རེད་ཅེས་གསུང་ཡོད་པ་དང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཆུའེ་ཐན་ཀའེ་ཡིས། རྒྱ་ནག་གཞུང་ཕྱོགས་ནས་ཨ་རིའི་ལྷན་དུ་ཚོགས་རྒྱུའི་གྲོས་མོལ་གྱི་ལྷན་ཚོགས་དེ་ནི་འདྲ་མཉམ་དང་ཕན་ཚུན་གུས་བཀུར། བརྩི་འཇོག་ལྡན་པའི་སྒོ་ནས་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་ཕྱོགས་ནས་རྒྱ་ནག་ནང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐོག་ལ་དོ་སྣང་མང་ཙམ་གནང་སྟེ། མི་སྒེརགཅིག་གི་གནད་དོན་ཐོག་ལ་ཐེ་ཇུས་མི་གནང་བའི་རེ་བ་ཡོད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། ད་རེས་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་དཔོན་རིགས་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐོག་ཨ་རིའི་ཕྱོགས་ནས་ཇི་ཙམ་བློ་འཚབ་ཡོད་པའི་གླེང་སློང་བྱ་མིན་ཐོག་དོ་སྣང་བྱ་རྒྱུ་ཡིན་པ་རེད།