འཇིགས་སྐུལ་རིང་ལུཌ་ལ་ཁ་གཏད་གདོང་ལེན་བྱེད་ཕྱོཌ་གྲོས་མོལ།
2009.09.11
༄༅༎ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་ལ་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱ་ཕྱོགས་སྐོར་ལ་གྲོས་མོལ་གྱི་གཞི་ཡུལ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་དུས་རྟག་ཏུ་རྒྱ་ནག་རྒྱལ་ནང་གི་ནང་སྲིད་ལ་ཐེ་ཇུས་བྱེད་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ལྦུའུ་པང་ཀུའོ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲིར་འབྱོར་ཡོད་པ་ལྟར་རེས་གཟའ་ཕུར་བུའི་ཉིན་འདི་ག་རྒྱལ་སའི་ནང་དུ་ཚོགས་པའི་ཚོང་ལས་ཀྱི་གླེང་སྟེགས་ཟེར་བའི་ལྷན་ཚོགས་ཐོག་ལྦུའུ་པང་ཀུའོ་མཉམ་ཞུགས་བྱས་པའི་ཐོག་ལ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་གསུངས་པར་ངོས་ནས་གསལ་བསྒྲགས་ཤིག་བྱ་རྒྱུར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་ལ་འདི་ལོའི་སྟོན་ཀའི་སྐབས་སུ་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱ་ཕྱོགས་སྐོར་གྲོས་མོལ་གནང་རྒྱུ་ཡིན་ཞེས་གསུངས་པ་དང་ཡང་ཁོང་གིས་ང་ཚོ་དང་རྒྱ་ནག་བར་ལ་གནད་དོན་རེ་རེའི་ཐོག་ལ་གཅིག་གིས་གཅིག་ལ་མིག་བལྟས་ནས་མི་སྡོད་པར་ཨ་མི་རི་ཀ་དང་རྒྱ་ནག་བར་ལ་ལོ་རྒྱུས་མི་འདྲ་བ་དང་ཉམས་མྱོང་མི་འདྲ་བ་ ཕུགས་བསམ་དང་བལྟ་ཚུལ་མི་འདྲ་བ་ཡོད་ཀྱང་ང་ཚོ་ངེས་པར་དུ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གྲོས་མོལ་ཡོང་ཐབས་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་ཁོང་གིས་གནད་དོན་ག་རེའི་ཐོག་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་གྲོས་མོལ་བྱ་དགོས་ཡུལ་བརྗོད་གཞི་གང་ཡིན་པ་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།
འོན་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་བར་ལ་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་ཀྱི་གྲོས་མོལ་དེར་དཀའ་རྙོག་འཕྲད་རྒྱུ་ཡིན་པ་དང་དེ་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེ་མི་རིགས་ལ་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་ཉེས་འཛུགས་བྱེད་པ་མ་ཟད་ཕྱི་ལོ་ཉིས་སྟོང་ལྔ་ལོར་རྒྱ་ནག་གཞུང་གིས་བཙོན་འགྲོལ་བཏང་སྟེ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་གསར་འཛུགས་གནང་མཁན་གྱི་ཚོགས་གཙོ་ལྕམ་རེ་སྦི་ཡ་ཀ་རྡིར་ལ་རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དེ་བརྒྱུད་སྐུལ་དང་སྐུལ་སློང་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱེད་པ་མ་ཟད་ད་རེས་ལྦུའུ་པང་ཀུའོ་ཡིས་རྒྱ་ནག་གཞུང་གི་ཕྱོགས་ནས་ང་ཚོའི་རྒྱལ་ནང་གི་ནང་སྲིད་ཀྱི་གནད་དོན་གང་ཞིག་ལ་ཐེ་ཇུས་བྱེད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྐྱར་ཏུ་ནན་བརྗོད་བྱས་ཡོད་པ་རེད།