ཨ་རི་དང་རྒྱ་ནག་གི་ཚོང་དོན་དཔོན་རིགས་ཀྱི་གྲོས་མོལ།
2009.10.28
༄༅༎ཨ་མེ་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་རྒྱ་ནག་ལ་གཟིགས་སྐོར་མ་ཕེབས་གོང་རྒྱ་ནག་དང་ཨ་མེ་རི་ཀའི་དབར་གནད་དོན་འགའ་ཤས་ཐོག་རྩོད་གཞི་ཡོད་པ་དེ་ཚོ་སེལ་རྒྱུའི་ཐབས་ཤེས་ཨ་རི་གཞུང་གིས་གནང་བཞིན་ཡོད་པའི་སྐབས་འདིར་ཨ་རི་དང་རྒྱ་ནག་གི་ཚོང་དོན་དཔོན་རིགས་ཚོའི་དབར་ཚོང་ལས་ཀྱི་གྲོས་མོལ་ཞིག་དེ་རིང་འགོ་འཛུགས་གནང་འདུག
རྒྱ་ནག་ཤར་ཕྱོགས་ཧང་ཀྲུ་ས་གནས་སུ་ཨ་རིའི་ཚོང་ལས་དྲུང་ཆེ་གེ་རི་ལོཀ་དང་ཚོང་དོན་སྐུ་ཚབ་རོན་ཀརྐ། སོ་ནམ་ཞིང་ལས་དྲུང་ཆེ་ཀྲོམ་ལྦིལ་སེཀ་བཅས་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ལྦང་ཆི་ཧྲན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པའི་དབར་ཉིན་གཉིས་ཀྱི་ལྷན་འཛོམས་གྲོས་མོལ་ཞིག་དེ་རིང་འགོ་འཛུགས་གནང་ཡོད་སྐོར་ཨ་མི་རི་ཀའི་འབྲེལ་ཡོད་དཔོན་རིགས་ཚོས་གསུངས་བཞག
ཉེ་དུས་ཨ་རིས་རྒྱ་ནག་ནས་མོ་ཊའི་འཁོར་ལོ་ནང་འདྲེན་ཐོག་བཅའ་ཁྲལ་སྤར་བའི་གནད་དོན་དང་རྒྱ་ནག་གིས་ཨ་རིའི་འགྲུལ་འཁོར་ཐོན་སྐྱེད་དང་བྱ་ཤའི་ཐོག་རྩད་ཞིབ་བྱེད་བཞིན་པའི་གནད་དོན་འགའ་ཤས་ལྷག་ཡོད་པ་དེ་ཚོས་ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་རྩོད་གཞི་ཆགས་ཡོད་པ་རེད།
ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་ལྷན་ཚོགས་དེ་འགོ་འཛུགས་མ་གནང་གོང་གི་གསར་འགོད་འདུ་འཛོམས་ཐོག་ཨ་རིའི་ཚོང་ལས་དྲུང་ཆེ་གེ་རི་ལོཀ་ཡིས་རྒྱ་ནག་ལ་གནད་དོན་ཡོད་པ་ནང་བཞིན་ཨ་རི་ལའང་རྒྱ་ནག་དང་ཚོང་འབྲེལ་བྱ་ཕྱོགས་ཐད་དཀའ་ངལ་འགའ་ཤས་ཡོད་སྐོར་གསུངས་ཏེ་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་རྩོད་གཞི་ཆུང་དུ་འགྲོ་བའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་བཞག
ཉིས་སྟོང་དགུ་ལོའི་འགོ་སྟོད་ཀྱི་ཟླ་བ་བརྒྱད་ནང་ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་དངུལ་བུན་ཌོ་ལར་ཐེར་འབུམ་༡༤༣དང་གྲངས་ཆུང་བདུན་སྤྲོད་འཇལ་བྱེད་དགོས་ཀྱི་ཡོད་པ་ལྟར་རྒྱ་ནག་དེ་བཞིན་ཨ་རིས་བུ་ལོན་མང་ཤོས་གྲུབ་འཇལ་བྱེད་དགོས་སའི་རྒྱལ་ཁབ་དེ་ཆགས་ཀྱི་ཡོད་པ་རེད།