ཨ་རིའི་གྲོས་ཚོཌ་སྐུ་ཚབ་ནས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གླེང་།
2009.05.29
༄༅༎ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཡིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་མཇལ་མོལ་གནང་བའི་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཡིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་ཚོ་རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིང་ཐའོ་དང་སྲིད་བློན་དབུན་ཅའ་བའོ།རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལྦུའུ་པང་གོའོ་དང་མཇལ་མོལ་གནང་བའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་ལྕམ་པེ་ལོ་སི་མཆོག་ནས་གཟའ་ཕུར་བུའི་ཉིན་པེ་ཅིང་དུ་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇེམ་སི་སེན་སྦེརེ་ནར་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྤྱི་མཐུན་ཚོགས་པ་འམ་དམངས་གཙོ་ཚོགས་པ་གང་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་སེམས་འཚབ་གཅིག་མཚུངས་ཡོད་པ་གསུངས་བཞག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནི་རྒྱུན་དུ་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཁུར་གནང་མཁན་ཞིག་དང་ལྷག་པར་དུ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་པའི་ཐོག་ལྕམ་པེ་ལོ་སི་མཆོག་ནས་རྒྱ་ནག་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པར་བསྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།