ཕྲུ་གུར་ངལ་རྩོལ་སྐུལ་འདེད་ཀྱིས་བཟོ་པའི་དངོས་ཟོག་ནང་འདྲེན།
2009.09.10
༄༅༎ཨ་རིའི་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་ནས་དངོས་ཟོག་ནང་འདྲེན་བྱེད་པའི་ཁོངས་སུ་ཕྲུ་གུར་ངལ་རྩོལ་སྐུལ་བའི་གནས་ཚུལ་རིགས་ལ་དམིགས་བསལ་དམ་བསྒྲགས་བྱེད་རྒྱུ་ཡིན་ལུགས་གསུངས་འདུག
དེ་ཡང་ཨ་རིའི་ངལ་རྩོལ་སྤྱི་ཁྱབ་དྲུང་ཆེ་ཧིལ་ད་སོ་ལི་སི་མཆོག་གིས་ཨ་རིའི་ངོས་ནས་ཕྱིའི་ཡུལ་གྲུ་ཁག་ནས་དངོས་ཟོག་ནང་འདྲེན་བྱེད་པའི་སྐབས་དངོས་ཟོག་དེ་དག་ཁྲིམས་འགལ་གྱི་ཐོག་ནས་ཕྲུ་གུར་ངལ་རྩོལ་སྐུལ་ནས་བཅའ་དངོས་བཟོས་པའི་རིགས་ཡོད་མེད་ཞིབ་འཇུག་ཡག་པོ་བྱེད་དགོས་ཀྱི་རེད་ལ་དེ་དག་གི་ཐོག་དངོས་ཟོག་ཉོ་མཁན་ཚོས་ཀྱང་དོ་སྣང་ཆེ་ཙམ་བྱེད་དགོས་པའི་སྐུལ་མ་ཞུ་གི་ཡོད་ཅེས་གསུངས་འདུག
ལས་རྩོལ་དྲུང་ཆེ་མཆོག་གིས་གོང་ཞུས་གནད་དོན་དེ་གསུངས་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་དང་ཀོ་ལིམ་སྦི་ཡའི་གཙོས་རྒྱལ་ཁབ་ཁག་ཅིག་ནས་ཕྲུ་གུར་ངལ་རྩོལ་སྐུལ་དེད་བྱས་ནས་བཟོས་པའི་བཅའ་དངོས་རིགས་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན་པ་གཞིར་བཟུང་སྐུལ་མ་གནང་བ་ཞིག་ཡིན་འདུག
ཨ་རིའི་ཚོང་དོན་ཚན་པ་དང་བཟོ་གྲྭ་མང་པོ་ཞིག་ནས་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ནང་འདྲེན་བྱས་པ་དང་དེ་བཞིན་བཟོ་གྲྭ་དངོས་སུ་རྒྱ་ནག་དང་རྒྱལ་ཁབ་ཁག་ཅིག་ལ་མ་རྩ་བཙུགས་པ་སོགས་ཀྱི་གནས་ཚུལ་ཡོད་པ་རེད། འོན་ཀྱང་ད་བར་དམིགས་བསལ་བཟོ་གྲྭ་དེ་དག་གི་མིང་གསལ་བཏོན་བྱས་མེད་པ་རེད། སྤྱིར་བཏང་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་ཆས་དང་ཁི་རི་མ་སིའི་སྐབས་ཀྱི་མཛེས་རྒྱན་རིགས་རྒྱ་ནག་གི་བཙོན་ཁང་ནང་དང་སྐབས་རེ་བཟོ་གྲྭ་ཁག་གི་ནང་ཕྲུ་གུས་བཟོ་གི་ཡོད་པའི་སྐྱོན་བརྗོད་ཡང་སེ་ཡོང་གི་ཡོད་པ་ཞིག་ཡིན་པ་རེད།