རྒྱ་གཞུང་ནས་ཕ་ལུང་ཀུང་ལ་དྲག་གནོན་མཚམས་འཇོག་དགོས།
2010.03.18
༄༅༎རྒྱ་ནག་ནང་ཕ་ལུང་ཀུང་ཞེས་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་མཚམས་འཇོག་བྱེད་དགོས་ལུགས་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་དེར་རྒྱ་ནག་གཞུང་གིས་དགག་པ་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཧ་ལམ་སྤྱི་མོས་འོས་ཤོག་ཐོག་ནས་ རྒྱ་ནག་ནང་དོ་དམ་བཙོན་འཇུག་འོག་ལུས་པའི་ཕ་ལུང་ཀུང་ཆོས་འཁོར་སྒོམ་གྲུབ་ཉམས་ལེན་པ་སྟོང་ཚོ་མང་པོ་ཡོད་པ་དེ་དག་རྒྱ་ནག་གཞུང་གི་གློད་བཀྲོལ་གཏོང་དགོས་པ་དང་ ལྷག་པར་དུ་ཕ་ལུང་ཀུང་ཉམས་ལེན་པ་ཚོར་གདོང་ལེན་སྤྲོད་རྒྱུའི་དོན་དུ་ཆེད་དུ་དམིགས་པའི་རྒྱ་ནག་གཞུང་གི་ལས་དོན་ལྷན་ཁང་དེ་ཁུ་བསྡུ་བྱ་དགོས་སྐོར་གྲོས་ཆོད་བཞག་ཡོད་པ་རེད་ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་མ་ཤེས་ཤེས་རྟོགས་ཀྱི་གྲོས་ཆོད་བཞག་པ་ཟེ་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མཚམས་འཇོག་བྱེད་དགོས་ལུགས་ལན་འདེབས་བྱས་ཡོད་འདུག་ དེ་ཡང་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་གསར་འགོད་པ་ཚོར་བརྗོད་དོན་གཞིགས་ན་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་ཕ་ལུང་ཀུང་ཉམས་ལེན་པ་ཚོར་དམིགས་པའི་གྲོས་ཆོད་ཅེས་པ་དེ་རྒྱ་ནག་གཞུང་ལ་ཁུངས་ལུང་མེད་པའི་སྐྱོན་བརྗོད་དང་བདེན་རྫུན་དབྱེ་འབྱེད་མི་ཐུབ་པའི་གྲོས་ཆོད་ཅིག་ཡིན་སྐོར་དང་དེ་ལྟ་བུའི་གྲོས་ཆོད་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་ཅིག་ཏུ་ཡོད་པའི་སྐོར་ལན་འདེབས་བྱས་ཡོད་པ་རེད་ ད་རེས་ཨ་རིའི་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེ་བཞིན་སྤྱིར་ཁྲིམས་ལུགས་ལག་བསྟར་བྱ་དགོས་པའི་གྲོས་ཆོད་ཅིག་མིན་ཀྱང་གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་ཕ་ལུང་ཀུང་ཆོས་འཁོར་སྒོམ་གྲུབ་ཉམས་ལེན་པ་ཚོར་ཁྲིམས་བཤེར་དང་འཇིགས་སྣང་སྐུལ་བ་ དོ་དམ་འཛིན་བཟུང་དང་བཙོན་འཇུག་བྱེད་པ་ དེ་བཞིན་མནར་གཅོད་བཏང་བ་སོགས་དམ་བསྒྲགས་དང་དྲག་གནོན་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་གསལ་འདོན་གནང་སྟེ་རྒྱ་ནག་གཞུང་བསུན་སྣང་དང་ངོ་ཚ་ཁ་སྐྱེངས་བཟོ་བའི་རྣམ་པ་མཚོན་གྱི་ཡོད་པ་རེད་༎