རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བློ་འཚབ།
2011.01.21
༄༅༎རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་ཟུར་པས་དབུས་པའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་ཐུག་འཕྲད་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་བློ་འཚབ་ཆེན་པོ་ཡོད་པའི་བཀའ་མོལ་ཤུགས་ཆེན་པོ་གནང་ཡོད་པ་མ་ཟད། དམིགས་བསལ་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་གླེང་སློང་གནང་ཡོད་པ་རེད།
དེ་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་སྦེ་ནར་མཆོག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ང་ཚོས་རྒྱ་ནག་གི་སྲིད་འཛིན་དང་མཇལ་བའི་སྐབས། རྒྱ་ནག་ནང་ཆོས་ལུགས་རང་དབང་མེད་པ་དང༌། ལྷག་པར་དུ་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་དེའི་མཇུག་འབྲས་སུ་བཙན་དབང་གི་སྒོ་ནས་ཕྲུ་གུ་མངལ་ནས་བཏོན་དུ་བཅུག་པ་སོགས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཐོག་དོ་ནན་ཆེན་པོས་གླེང་སློང་བྱས་ཏེ། རྒྱ་ནག་མི་སེར་ཚོར་རང་དབང་ལྡན་པ་དང་ཆེ་ཐོངས་གོང་འཕེལ་གཏོང་རྒྱུར་རྒྱ་ནག་གི་དབུ་ཁྲིད་ཚོར་འགན་འཁུར་ཆེན་པོ་ཡོད་པ་དང༌། དེ་དང་ཕྱོགས་མཚུངས་ཨ་མི་རི་ཀའི་ཕྱོགས་ནས་གནས་ཚུལ་དེ་ཚོའི་ཐོག་ལ་རྩིས་རྒྱག་བྱེད་རྒྱུའི་འགན་འཁྲི་ཡོད་པའི་སྐོར་གླེང་སློང་གནང་ཡོད་ཅེས་བཀོད་ཡོད་པ་རེད། དེ་བཞིན་དུ་དུས་ཡུན་རིང་པོ་ནས་༧གོང་ས་མཆོག་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས། ཕྱི་ཚེས་༡༩ཉིན་བོད་ཀྱི་གནད་དོན་ཐོག་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བློ་འཚབ་ཡོད་པ་དང༌། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་ནུས་ཤུགས་གཙང་མ་བེད་སྤྱོད་བྱ་རྒྱུའི་གནད་དོན་དེ་གཉིས་ནི་ཨ་མི་རི་ཀས་རྒྱ་ནག་དང་འབྲེལ་ལམ་འཛིན་པའི་ནང་གི་གནད་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་རེས་རྒྱ་ནག་གི་སྲིད་འཛིན་གྱི་ཨ་རིའི་འཚམས་འདྲི་དེའི་ཐོག་ནས་གནད་དོན་དེ་དག་ཐོག་ཡར་རྒྱས་གཏོང་བའི་རེ་བ་ཡོད་ཅེས་གསུང་པ་མ་ཟད། ཕྱི་ཚེས་༢༠ཉིན་དངོས་སུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་མཇལ་འཛོམས་སྐབས་༧གོང་ས་མཆོག་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་ཡོད་པ་རེད། ལྷག་པར་དུ་ལྕམ་པེ་ལོ་སི་ནི་༧གོང་ས་མཆོག་དང་ཐུགས་འདྲིས་ཆེ་ལ། དུས་རྟག་ཏུ་རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་༧གོང་ས་མཆོག་གི་ལྷན་དུ་གྲོས་མོལ་བྱ་དགོས་པའི་བཀའ་མོལ་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།