ཤི་ཅིན་ཕིང་ལ་སྣེ་ལེན་ཟབ་རྒྱས་ཞུས་དོན་གྱི་དོན་སྙིང།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ལ་ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་འགོ་འཁྲིད་ཅིག་དང་འདྲ་བའི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་འདུག

2012.02.15

༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ལ་ཨ་མི་རི་ཀའི་གཞུང་གིས་ ཧ་ལམ་རྒྱལ་ཁབ་ཀྱི་འགོ་འཁྲིད་ཅིག་དང་འདྲ་བའི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཤིང༌།  དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཞིག་དགོས་རྒྱུར་ཕྱོགས་གཉིས་པོས་ཧ་ཅང་གི་གལ་འགངས་ཆེ་བའི་རང་བཞིན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་ཐུབ་པ་དང་ ལྷག་པར་དུ་སྲིད་འཛིན་ཨོ་སྦ་མར་སླར་ཡང་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་ འབྱུང་འགྱུར་གྱི་ལོ་བཞིའི་སྲིད་འཛིན་གྱི་ལས་འཁུར་རིང་ རྒྱ་ནག་གི་འགོ་འཁྲིད་ཤི་ཅིན་ཕིང་དང་མཉམ་དུ་དཔལ་འབྱོར་དང་ཚོང་ལས་ ཆབ་སྲིད་བཅས་ཀྱི་འབྲེལ་ལམ་བཟང་པོ་འབྱུང་ཐུབ་པའི་རེ་བ་མཚོན་པ་ཞིག་ཀྱང་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཟའ་མིག་དམར་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་དང་ རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ཅིན་ཕིང་དབར་ ཨ་རིའི་སྲིད་འཛིན་ལས་ཁུངས་ནང་དུས་ཡུན་སྐར་མ་ ༨༥ རིང་མཇལ་འཕྲད་གྲོས་མོལ་གནང་ཞིང༌། ཨ་རིའི་བདེ་སྲུང་ལྷན་ཁང་དུ་འཚམས་གཟིགས་སྐབས་ ཡུལ་གྲུ་གང་ཞིག་གི་སྲིད་འཛིན་གཞོན་པར་མི་ཞུ་བའི་ མེ་སྒྱོགས་བཅུ་དགུ་འཕེན་པའི་དམག་དོན་གྱི་ཆེས་མཐོའི་འཚམས་འདྲི་ཡང་ཞུས་ཡོད་པ་རེད།
སྲིད་འཛིན་ཨོ་སྦ་མ་མཆོག་གིས་ དཔལ་འབྱོར་གྱི་ནུས་སྟོབས་རྒྱས་བཞིན་པའི་རྒྱ་ནག་ལ་དགའ་བསུ་ཞུ་རྒྱུ་དང་ འདས་པའི་ལོ་ངོ་ཉི་ཤུའི་དུས་ཡུན་གྱི་རྒྱ་ནག་གི་ཡར་རྒྱས་ལ་བསྔགས་བརྗོད་ཀྱང་གནང་པ་དང་ཆབས་ཅིག་  ནུས་སྟོབས་རྒྱས་བཞིན་པ་དང་དུས་མཉམ་དུ་ལས་འགན་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ལྷག་པར་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ ཨ་མི་རི་ཀའི་དམག་དོན་གྱི་ནུས་པ་མུ་འཐུད་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་གསུངས་འདུག་ལ་ ཡང་དཔལ་འབྱོར་དང་ཚོང་ལས་ཐད་ རྒྱ་ནག་གི་ངོས་ནས་འཛམ་གླིང་དཔལ་འབྱོར་ལམ་ལུགས་ཁག་ལ་བརྩི་བཀུར་དང་ལེན་བྱེད་དགོས་སྐོར་གསུངས་ཡོད་པ་རེད།
ཤི་ཅིན་ཕིང་ ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་འཚམས་འདྲིར་ཕེབས་པའི་སྐབས་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱུང་འདུག་ཅིང༌། ཤི་ཅིན་ཕིང་གིས་ རྒྱ་ནག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་གཟེངས་སུ་ཐོན་པའི་ཡར་རྒྱས་བཏང་ཡོད་པར་མ་ཟད་ ད་དུང་ཡང་ཡར་རྒྱས་གཏོང་བའི་ཡུལ་ཡོད་པ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎