ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་རྒྱ་ནག་ཏུ་འཚམས་གཟིགས།
2009.10.13
༄༅༎རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་ལས་དོན་གྱི་རྨང་གཞི་གཏིང་བར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་སྐུ་ཞབས་ཀ་ཊེ་ཁེམ་སྦེལ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ཡིས་གསར་འགོད་པར་བཤད་དོན་ལ་སྐུ་ཞབས་ཀ་ཊེ་ཁེམ་སྦེལ་མཆོག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡ་ཕེ་དང་ལྦུ་ཏ་ལྦེ་གཉིས་རིམ་པ་བཞིན་མཇལ་འཕྲད་གནང་རྒྱུ་དང་ད་དུང་འབྲེལ་ཡོད་ཀྱི་རྒྱ་ནག་གི་ཤེས་ཡོན་དང་ཚོང་ལས་བློན་ཆེན་སོགས་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་ལུགས་དང་དམིགས་བསལ་ད་རེས་ཁོང་གི་རྒྱ་ནག་གི་འཚམས་འདྲི་དེ་ནི་སྲིད་འཛིན་ཨོ་སྦ་མ་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་བཅོ་བརྒྱད་བར་ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་ལས་དོན་གྱི་འཆར་གཞི་གཏིང་རྒྱུའི་ཆེད་དུ་ཡིན་པར་བརྟེན་ནས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་རིང་མིན་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིའི་གནད་དོན་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ རྒྱལ་སྤྱིའི་གནད་དོན་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་དང་ད་དུང་རེས་གཟའ་མིག་དམར་གྱི་གྲོས་མོལ་ནང་གཙོ་ཆེ་ཤོས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་གི་གནད་དོན་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་བཤད་ཡོད་པ་རེད། བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་ཚོད་ལྟ་མཚམས་འཇོག་ཡོང་ཐབས་ཐད་ཞི་བའི་ཐོག་ནས་འགྲིག་འཇགས་ཀྱི་འབད་བརྩོན་རིམ་པ་བྱས་ཀྱང་རེས་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡས་ཁོང་ཚོའི་ཤར་ཕྱོགས་མཚོ་ཁའི་ཐོག་ནས་མེ་ཤུགས་འཕུར་མདེལ་ལྔ་ཚོད་ལྟ་བྱས་ཡོད་པ་རེད།