བོད་ནང་བོད་མི་གྲངས་ཉུང་མི་རིགས་སུ་གྱུར་བ།
2011.03.31
༄༅༎བོད་ནང་དཔལ་འབྱོར་ཡར་རྒྱས་དང་རིག་གཞུང་གཅེས་འཛིན་གྱི་ལས་དོན་ཐོག་ ཨ་རི་གཞུང་ནས་རྒྱ་ནག་གཞུང་གི་ལྷན་དུ་ལས་དོན་མཉམ་ལས་གནང་དགོས་པའི་སྐོར་ཨ་རིའི་གྲོས་ཚོགས་གོང་མའི་བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་པས་སྐུལ་ལྕག་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
སྔ་ལོ་ཕྱི་ཟླ་༩པའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་པ་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་གི་བོད་ནང་གཟིགས་ཞིབ་སྐོར་སྐོར་བསྐྱོད་གནང་པའི་རྗེས་ཁ་ས་རེས་གཟའ་མིག་མར་ཉིན་གཟིགས་སྐོར་སྐུ་ཚབ་ཚོགས་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད་ སྙན་ཐོའི་ནང་གསལ་བར་གཞིགས་ན་ དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་འཛུགས་བསྐྲུན་གྱི་ཐད་ནས་ བོད་ནང་ཧ་ཅང་གི་འགྱུར་ལྡོག་ཆེན་པོ་སོང་བར་བསྔགས་བརྗོད་བྱས་པ་དང་ ཆབས་ཅིག་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་གི་རྐྱེན་པས་ བོད་ནང་རྒྱ་ཧན་མི་རིགས་འབོར་ཆེན་གནས་སྤོ་བྱས་ཏེ་ ལྷ་ས་གྲོང་ཁྱེར་ལ་མཚོན་ན་ ས་གནས་ཀྱི་ཡུལ་མི་བོད་རིགས་རྣམས་ གྲངས་ཉུང་མི་རིགས་སུ་གྱུར་བ་དངོས་མཐོང་ཡིན་པ་མ་ཟད་ མི་རིགས་དབྱེ་འབྱེད་དང་བོད་ཀྱི་དགོན་སྡེ་ཁག་ལ་གཞུང་ཕྱོགས་ནས་དམ་བསྒྲགས་ཆེན་པོའི་སྲིད་ཇུས་ལག་བསྟར་ལ་རྐྱེན་པས་ བོད་མི་ཚོས་རྒྱ་ནག་གཞུང་ལ་ཁོང་ཁྲོའི་རང་བཞིན་གྱི་སྣོ་ངར་ཆེན་པོ་ཡོད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད་ གོང་གསལ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་སྙན་ཐོའི་མཇུག་སྡོམ་ནང་ཨ་རི་གཞུང་ཕྱོགས་ནས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་དོན་དུ་རྒྱ་ནག་གཞུང་གི་ལྷན་དང་ལས་དོན་མཉམ་ལས་གནང་དགོས་པའི་ནན་སྐུལ་དང་ ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཆེད་ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་བོད་མིའི་དབུ་འཁྲིད་གོང་ས་ཏ་ལའི་བླ་མ་མཆོག་དང་ཞི་མོལ་འགྲིགས་འཇག་གནང་རྒྱུའི་སྐུལ་འདེད་ཞུ་དགོས་པའི་སྐོར་ འབོད་སྐུལ་གནང་ཡོད་པ་རེད་ ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོའི་ནང་མུ་མཐུད་གསུངས་པར་བོད་ནང་དཔལ་འབྱོར་ཡར་རྒྱས་དང་རིག་གཞུང་གཅེས་འཛིན་གྱི་ལས་དོན་ཐོག་ ཨ་རི་གཞུང་གིས་རྒྱ་ནག་གཞུང་དང་ལས་དོན་མཉམ་ལས་གནང་ཚེ་ དེས་ས་གནས་བོད་མི་ཚོར་ཐད་ཀར་དཔལ་འབྱོར་གྱི་ཁེ་ཕན་ཐོབ་རྒྱུ་མ་ཟད་གཞི་རྩའི་བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་དང་ཨ་རི་གཞུང་དབར་ཕན་ཚུན་ཡིད་ཆེས་འཕེལ་རེས་ཀྱི་རྨང་གཞི་ལྟ་བུ་འཛུགས་རྒྱུའི་ཕན་ནུས་ཡོང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བཞག་༎