རྒྱ་ནག་གི་དམག་དོན་ལས་གཞི་རྒྱ་སྐྱེད་ལ་ཨ་རིས་གདོང་ལེན་བྱ་རྒྱུ།
2011.02.21
༄༅༎རྒྱ་ནག་གི་དམག་དོན་ལས་གཞི་རྒྱ་སྐྱེད་ཆེན་པོ་བཏང་བཞིན་པ་དེས་ཨ་རིའི་ཕྱོགས་ནས་ཀྱང་གདོང་ལེན་ཤུགས་ཆེ་ཙམ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་ནས་ཉེ་བའི་ཆར་དམག་དོན་གྱི་ལས་དོན་ཆེད་སྔོན་རྩིས་འགྲོ་སོང་ཧ་ཅང་སྤར་ཆ་ཆེན་པོ་བྱས་པ་དང་། ས་མཚོ་རྣམས་སུ་དམག་དོན་ཡོ་ཆས། དེ་བཞིན་མེ་ཤུགས་འཕུར་མདེལ་སོགས་གསར་བཟོ་དང་། ཡར་རྒྱས་ཆེན་པོ་བཏང་དང་གཏོང་བཞིན་པ་དེས་ཁྱིམ་མཚེས་ཨེ་ཤེ་ཡའི་གླིང་ཕྲན་གྱི་རྒྱལ་ཁབ་ཙམ་མ་ཡིན་པར་ཨ་རིར་ཡང་བློ་འཚབ་སྐྱེས་གཞི་ཞིག་བཟོས་ཡོད་པ་རེད། ད་རིང་ཨ་མེ་རི་ཀའི་དམག་སྤྱི་གཞོན་པ་སི་ཀོཏ་སྦུསི་ཀཀ་ནས་ཧོང་ཀོང་ལ་ཕེབས་པའི་སྐབས་གསུངས་དོན། རྒྱ་ནག་ནས་མཚོ་དམག་གི་འཕྲུལ་རིགས་ཡར་རྒྱས་ཆེན་པོ་གཏོང་བཞིན་པ་དེས་ཕན་རླབས་ལྡན་པའི་ལས་དོན་ཐོག་བེད་སྤྱོད་གཏོང་བ་ལས་དེས་འཇིགས་སྣང་སྐུལ་རྒྱུ་དང་། ཉེན་བརྡ་གཏོང་རྒྱུའི་ཆེད་བེད་སྤྱོད་མི་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་འདུག དེའི་གོང་ཟླ་བ་སྔོན་མ་ཨ་རིའི་བདེ་སྲུང་བློན་ཆེན་རོ་བདྲ་སེ་ གེདྲ་སེ་མཆོག་རྒྱ་ནག་ལ་ཕེབས་པའི་སྐབས་སུ་རྒྱ་ནག་མཉམ་མཐོ་རིམ་གྱི་འབྲེལ་ཡོད་ལས་བྱེད་བརྒྱུད་ལམ་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་གནང་ཡོད་ཀྱང་ཁོང་གིས་ཀྱང་རྒྱ་ནག་ནས་དེང་དུས་འཕྲུལ་རིགས་ཀྱི་ཐོག་ནས་ཨ་མེ་རི་ཀར་ཉེན་ཁ་བཟོ་གི་ཡོད་པ་བཅས་ལ་བརྟེན་དེར་གཞིགས་པས་ཨ་རིའི་ཕྱོགས་ནས་ཀྱང་དམག་དོན་གྱི་འཕྲུལ་ཆས་རིགས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།