ཨ་རིས་རྒྱ་ནག་ལ་གནས་ཚུལ་ཕྱི་བསྒྲགས་དགོས་པའི་འབོད་སྐུལ།
2011.06.04
༄༅༎ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་ཞི་བའི་ངོ་རྒོལ་ཐོག་རྒྱ་ནག་གཞུང་གིས་ཆེས་གདུག་རྩུབ་ཀྱི་དྲག་གནོན་བྱས་ནས་མི་ལོ་ཉི་ཤུ་རྩ་གཉིས་འཁོར་བའི་ཉིན་མོར། ཨ་རི་གཞུང་གིས། རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་དང༌། དེ་སྔ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་ཀྱི་གནས་ཚུལ་རྣམས་ཞིབ་ཕྲ་ཕྱི་བསྒྲགས་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་འདི་ཚེས་ ༣ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མཀ་ཀྲོ་ནར་ཡིས་གནད་དོན་འདིའི་སྐོར་གཏམ་བཤད་ཞིག་གནང་བའི་སྐབས། ང་ཚོས་རྒྱ་ནག་གཞུང་ལ། དེ་སྔ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་པའི་འོག་ཚེ་སྲོག་བཤོར་བ་དང༌། འཛིན་བཟུང་བཙོན་འཇུག་བྱས་པའམ། ཡང་ན་གར་སོང་ཆ་མེད་ལྟ་བུར་གྱུར་ཏེ། ད་བར་རྩད་གཅོད་མ་ཐུབ་པ་རྣམས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་ཕྱི་བསྒྲགས་བྱེད་དགོས་པ་དང༌། ཡང་སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོ་དང༌། ཁོ་ཚོའི་ནང་མི་སྤུན་མཆེད་ཚོར་བསུན་གཙེར་བཟོ་བའི་བྱ་སྤྱོད་རིགས་མཚམས་འཇོག་བྱེད་དགོས་པའི་རེ་འདུན་སྟོན་གྱི་ཡོད་ལ། དེ་བཞིན་ཉེ་བའི་ཆར་རྒྱ་ནག་གཞུང་གིས། འགྲོ་བ་མིའི་ཐོབ་ཐང་དང༌དམངས་གཙོའི་ཁེ་དབང་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པ་དང༌། རྩོམ་བྲིས་པ། སྒྱུ་རྩལ་བ་སོགས་གཞུང་དང་བལྟ་ཚུལ་མི་མཐུན་པའི་མི་སྣ་གང་མཚམས་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་གཏན་འབེབས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་འཛོལ་ཕྱིན་པ་ཞིག་ཆགས་ཀྱི་ཡོད་དུས། རྒྱ་ནག་གཞུང་གིས། རྒྱལ་སྤྱིའི་གཏན་འབེབ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁེ་དབང་དེ་དག་ཡུལ་དེའི་མི་སེར་ཚང་མར་སྤྲོད་དགོས་པ་མ་ཟད། དམིགས་བསལ་སོ་སོའི་སྨྲ་བརྗོད་རང་དབང་བེད་སྤྱད་མཁན་ཚོར། ཐོབ་ཐང་དེ་ངེས་པར་མཁོ་སྤྲོད་བྱེད་དགོས་ཀྱི་རེད་ཅེས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མཀ་ཀྲོ་ནར་ཡིས་ནན་བརྗོད་གནང་འདུག་ལ། ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང༌དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནེན་སི་པེ་ལོ་སི་ཡིས་གཏམ་བཤད་ཅིག་གནང་བའི་ནང༌། དེ་སྔ་རྒྱ་ནག་གཞུང་གིས་དྲག་གནོན་འོག་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་བྱས་རྗེས་ལ་དྲན་གསོ་དང་བསྔགས་བརྗོད་གནང་བ་དང༌སྦྲགས། དེ་སྔའི་ངོ་རྒོལ་བ་ཚོའི་སྙིང་སྟོབས་དང་བྱས་རྗེས་རྣམས་དུས་ད་ལྟའང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྩོད་ལེན་བྱེད་མཁན་ཚོའི་སེམས་ནང་གནས་བཞིན་པ་རེད་ཅེས་གསུངས་འདུག།