བོད་ཀྱི་གནས་སྟངས་ཐད་ཨ་རི་གཞུང་གིས་ཐུགས་འཚབ་གནང་བ།
2009.02.12
༄༅༎ཟླ་བ་འདིའི་མཇུག་ཙམ་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊོན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་མཛད་འཆར་དང་འབྲེལ་ཁ་ས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་རོ་སྦ་ཊི་ཝུ་ཌི་ཡིས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་ཡོད་པ་རེད།
སྐུ་ཞབས་རོ་སྦ་ཊི་ལྦུ་ཌི་ཡིས་བོད་ཀྱི་གནས་སྟངས་ཐད་ལ་ཨ་རི་གཞུང་གིས་དུས་ཡུན་གང་ཙམ་རིང་ནས་བློ་འཚབ་ཆེན་པོ་བཞེས་ཀྱི་ཡོད་པ་བཞིན་དེ་སྔ་རྒྱ་ནག་གཞུང་ལའང་སྐབས་དེར་བོད་ཀྱི་གནད་དོན་གླེང་སལོང་གནང་ཡོད་སྐོར་གསལ་འདོན་གནང་ཡོད་པ་རེད། ཡང་ཕྱི་རྒྱལ་གསར་འགོད་པ་ཚོས་ཉེ་ལམ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནས་སྟངས་ད་ལྟ་ཡང་ཛ་དྲག་ངང་ལུས་མུས་ཡིན་པར་སོང་བོད་ནང་མང་ཚོགས་ཀྱི་ཞི་རྒོལ་སླར་ཡང་འབྱུང་སྲིད་པའི་སྐོར་བཀའ་མོལ་གནང་ཡོད་སྟབས་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊོན་མཆོག་ནས་རྒྱ་ནག་གི་དབུ་འཁྲིད་ལྷན་དུ་མཇལ་འཕྲད་སྐབས་བོད་དོན་གླེང་སློང་ཡོང་མིན་བཅར་འདྲི་བྱས་འདུག གསར་འགོད་པའི་འདྲི་བའི་ལན་འདེབས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཕེབས་རིང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་རྒྱ་ཆེ་མང་དག་ཅིག་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་ཡང་ཞིབ་ཕྲའི་བཀའ་བསྡུར་གནང་རྒྱུའི་གནད་དོན་རེ་རེ་བཞིན་ངོ་སྤྲོད་གནང་རྩིས་མེད་ལུགས་གསུང་པ་དང་དེ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་དེ་དག་ཕྱི་སྲིད་དྲུང་ཆེ་མཆོག་གི་གལ་ཆེ་དོན་ཆེར་ངོས་འཛིན་གནང་སྟེ་གྲོས་མོལ་གྱི་མཛད་འཆར་གཙོ་བོ་གྲས་སུ་ཡོད་པ་དང་དེའི་ཐོག་ནས་བོད་ཀྱི་གནད་དོན་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་གླེང་དེ་དག་གླེང་སློང་འབྱུང་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བདུན་ཕྲག་སྔོན་མ་གསལ་བསྒྲགས་གནང་པ་བཞིན་ཟླ་བ་འདིའི་ཚེས་བཅོ་ལྔ་ནས་བཟུང་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཨིན་ཌོ་ནེ་ཤེ་ཡ་དང་ལྷོ་ཀོ་རི་ཡ་རྒྱ་ནག་བཅས་ཨེ་ཤེ་ཡའི་ཡུལ་ཁག་ཏུ་རྒྱལ་དོན་འཚམས་གཟིགས་ཐོག་མ་དེ་གནང་བར་ཕེབས་རྒྱུ་ཡིན་པ་རེད༎