ཀརྟི་རིན་པོ་ཆེ་མཆོག་ནས་ཛ་དྲག་གི་འབོད་སྐུལ།
2011.04.23
༄༅༎བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་སྤྲུལ་སྐུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐོག་འཛམ་གླིང་ནང་གི་དགོན་སྡེ་དང་ཆོས་གྲོགས་ཚོས་ཐུགས་སྣང་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་བཀའ་ཡིག་ཅིག་ཕྱིར་བསྒྲགས་གནང་འདུག
ཕྱི་ཟླ་བཞི་པའི་ཚེས་༢༢ཉིན། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཞིས་བྱེས་གཉིས་ཀྱི་ཀིརྟིའི་དགོན་མ་ལག་ཐམས་ཅད་ཀྱི་ཚབ་ཞུས་གནང་སྟེ། ཕྱིར་བསྒྲགས་གནང་བའི་འབོད་སྐུལ་བཀའ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་རྔ་པ་ཀིརྟིའི་དགོན་གྲོང་སྤྱི་དང་། ལྷག་པར་དུ་རྔ་པ་ཀིརྟིའི་དགོན་ཆེན་འདི་ཉིད་བཙོན་ཁང་ལྟ་བུའི་ངོ་བོར་བསྒྱུར་ནས་དགེ་འདུན་ཉིས་སྟོང་ལྔ་བརྒྱ་ལྷག་གིས་སྡུག་སྦྱོང་མནར་གཅོད་ཉིན་མཚན་མི་འཁྱོལ་བའི་དཀའ་བ་མྱངས་དང་མྱོང་བཞིན་པ་མཁྱེན་གསལ་ལྟར། དོ་དམ་འོག་ཟླ་བ་གཅིག་དང་ཞག་དྲུག་སོང་མཚམས། ཕྱི་ཟླ་བཞི་པའི་ཚེས་༢༢ཐོ་རངས་དགེ་འདུན་སུམ་བརྒྱ་ལྷག་དུས་གཅིག་ཏུ་ཕྱི་ལ་བཙན་ཁྲིད་ཟིན་པ་དང་། ད་དུང་ཡང་ཁྲིད་དང་འཁྲིད་བཞིན་པའི་གནས་ཚུལ་གོ་བཞིན་འདུག་ན། དགེ་འདུན་རྣམས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེ་ཞིང་ སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པར་མ་ཟད་ ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་རྨིག་མེད་དུ་འཇོམས་པའི་སྲིད་བྱུས་ངན་པ་ལག་ལེན་བསྟར་མུས་ལ་བརྟེན། དགོན་སྡེ་དང་། གྲྭ་ཚང་། ཆོས་གྲོགས་རྣམས་ནས་རྔ་པ་ཀིརྟི་དགོན་ཆེན་འདི་ཉིད་ཀྱི་ཛ་དྲག་གི་གནས་སྟངས་ཡ་ང་བ་ལས་མྱུར་དུ་སྐྱོབ་བའི་སྐྱབས་མཇུག་དང་འབྲེལ་རྒྱབ་སྐྱོར་གྱི་ངོ་བོ་མཚོན་པའི་ལས་འགུལ་གཞི་རྒྱ་ཆེ་ཙམ་ཞིག་སྤེལ་གནང་རྒྱུའི་སྙན་སེང་མི་ཞུ་ཐུ་མེད་བྱུང་བ་འཁོད་གནང་འདུག།