རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་དགོས།
2017.06.05

ཨ་མི་རི་ཀ་གཞུང་གིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་འདུག
དེའང་སྤྱི་ལོ་༡༩༨༩་ལོའི་སྤྱི་ཟླ་༦་ཚེས་༤་ཉིན་རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ། དྲུག་བཞིའི་དམངས་གཙོའི་ལས་འགུལ་ནང་སློབ་ཕྲུག་གི་གཙོ་བོར་རྒྱུར་བའི་རྒྱ་ནག་མི་མང་གིས་ཞི་བའི་ངང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་མི་མང་ཁྱོན་ཆེ་འཆི་རྨས་དང་། མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ད་བར་ལོ་༢༨་འཁོར་བའི་མཚམས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེག་སེ་ཊེ་ལི་སིན་(Rex Tillerson)མཆོག་གིས་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་གནམ་བདེ་སྒོ་མོའི་ཐང་ཆེན་དང་ཉེ་འཁྲིས་སུ་བྱུང་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལ་དྲག་གནོན་བྱས་ཏེ་ལོ་༢༨་འཁོར་བ་རེད། སྤྱི་ལོ་༡༩༨༩་ལོའི་དྲུག་བཞིའི་དོན་རྐྱེན་སྐབས་རྐྱེན་འདས་སོང་བ་དང་། བཀག་ཉར་དོ་དམ་དུ་ཚུད་པ། ཡང་ན་གར་སོང་ཆ་མེད་དུ་གྱུར་བ་དང་ད་ཡོད་བཙོན་ཁང་ནང་ཡོད་པ་སོགས་ཀྱི་བྱུང་རྐྱེན་གནས་སྟངས་གསལ་པོ་ཞིག་གསལ་བཤད་དགོས་པའི་སྐོར་དང་། དེ་བཞིན་དོན་རྐྱེན་དེ་དང་འབྲེལ་ཡོད་མི་སྣར་རྒྱ་ནག་གཞུང་ཕྱོགས་ནས་བསུན་གཙེར་བྱེད་མཚམས་འཇོག་དགོས་པ་དང་། དོན་རྐྱེན་དེ་དང་འབྲེལ་ནས་བཙོན་འཇུག་བྱས་པ་རྣམས་གློད་གྲོལ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་རྒྱུ་དེ་ནི་རྒྱལ་ཁབ་ཚང་མའི་གཞི་རྩའི་འོས་འགན་ཞིག་ཡིན་པ་ཨ་རིས་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་འཛམ་གླིང་ཀུན་ཁྱབ་ཀྱི་ཁེ་དབང་དང་དེ་བཞིན་སྤྱི་འབངས་ཀྱི་གཞི་རྩའི་རང་དབང་ལ་བརྩི་བཀུར་གནང་དགོས་པའི་སྐོར་ང་ཚོས་སྐུལ་འདེད་བྱེད་ཀྱི་ཡོད་ཅེས་གསལ་བཏོན་གནང་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།