ཨ་རྒྱ་ཡུལ་གྲུ་གཉིས་བར་ཚོང་འབྲེལ་ཐད་དངངས་འཚབ་ཧ་ཅང་ཆེ་རུ་ཕྱིན་འདུག
2018.04.04
ཨ་མི་རི་ཀས་རྒྱ་ནག་ནས་ཨ་རིའི་ནང་ནང་འདྲེན་བྱས་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་ཆ་བྱེད་འཆར་ལ་འདི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཅ་དངོས་ཁག་ལ་ཁྲལ་བརྒྱ་ཆ་༢༥་འགེལ་རྒྱུའི་ཐག་གཅོད་བྱས་སྟེ་ཡ་ལན་སློག་པའི་རྗེས་སུ། ཡུལ་གྲུ་གཉིས་དབར་ཚོང་འབྲེལ་ཐད་དངངས་འཚབ་ཧ་ཅང་ཆེ་རུ་ཕྱིན་འདུག
དེ་ཡང་དབྱིན་ཇིའི་(BBC)་གསར་ཁང་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ནས་ཉོས་པའི་མོན་སྲན་དང་། སྣུམ་འཁོར། དེ་བཞིན་ཚ་ལུ་མའི་ཁུ་བ་གཙོས་པའི་དངོས་ཟོག་ཁག་མི་འདྲ་བ་༡༠༦་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རྒྱག་རྒྱུ་ཡིན་ལུགས་བཤད་འདུག་པས། དེ་ནི་ཨ་མི་རི་ཀའི་སྲིད་འཛིན་(Donald་Trump)་གཞུང་འཛིན་གྱིས་རྒྱ་ནག་ནང་བཟོས་པའི་བརྙན་འཕྲིན་ཡོ་ཆས་དང་སྦག་སྦག་གཙོས་པའི་འཕྲུལ་ཆས་རིགས་ཀྱི་དངོས་ཟོག་༡༣༠༠་ལ་སྒོ་ཁྲལ་བརྒྱ་ཆ་༢༥་འགེལ་རྒྱུའི་གྲོས་འཆར་བཏོན་པ་དེར་ངན་ལན་ངན་མཇལ་བྱས་པ་ཞིག་ཡིན་འདུག
ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས། རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་ཆ་བྱེད་འཆར་དེ་ནི་རྒྱ་མིས་ཨ་རིའི་མཁས་པའི་རྒྱུ་དངོས་ཀྱི་བདག་དབང་ལ་དྲང་བདེན་མིན་པའི་སྒོ་ནས་བེད་སྤྱོད་བཏང་བར་ཡ་ལན་སློག་ཐབས་ཤིག་ཡིན་སྐོར་བརྗོད་པ་རེད། རྒྱ་ནག་གཞུང་གིས་ཚེས་༤་ཉིན་ཨ་མི་རི་ཀས་རྒྱ་ནག་ལ་བཙོང་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རྒྱག་རྒྱུའི་གསལ་བསྒྲགས་མ་བྱས་གོང་ལ་ཨ་རིའི་གྲོས་འཆར་དེར་སྐྱོན་བརྗོད་ཆེན་བྱས་པ་མ་ཟད། དེར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་ཚུལ་དང་དེ་ནི་ཕྱོགས་གཅིག་ཁོ་ནའི་རིང་ལུགས་དང་རང་སྲུང་རིང་ལུགས་ཡིན་འགྲེལ་བརྗོད་བྱས་སྟེ་དེར་ཡ་ལན་སློག་རྒྱུའི་ཁས་ལེན་དམ་བཅའ་ཞགས་ཡོད་པ་རེད།
ཚེས་༤་ཉིན་རྒྱ་ནག་གཞུང་གི་དཔལ་འབྱོར་ལས་ཁུངས་ཀྱིས་ཨ་རི་ནས་རྒྱ་ནག་ནང་ནང་འདྲེན་བྱས་པའི་ཅ་དངོས་ཁག་ལ་སྒོ་ཁྲལ་སྤར་ཆ་བྱ་རྒྱུའི་ཐོ་གཞུང་ཞིག་འགྲེམས་སྤེལ་ཡང་བྱས་འདུག་ལ་ད་དུང་ཨ་རིའི་ཨ་རག་དང་སི་གར་ཞེས་པའི་ཐ་མག རྡོ་ཐ་སོགས་ལ་ཡང་སྒོ་ཁྲལ་ཕར་མ་རྒྱག་རྒྱུའི་དམིགས་ཚད་ཟིན་འདུག
ཡང་ཇར་མན་ནིའི་དཔལ་འབྱོར་ལས་ཁུངས་ཀྱི་མགྲིན་ཚབ་མས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་ཐོག་གདོང་ཐུག་བྱུང་བཞིན་པའི་གནད་དོན་དེ་གྲོལ་མོལ་ལམ་ནས་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།