རྒྱ་ནག་ནང་དཔལ་འབྱོར་དཀའ་ངལ་གྱི་ཉེན་བརྡ།
2012.07.15
༄༅༎དེ་རིང་ཕྱི་ཟླ་༧ཚེས་༡༥རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་བྱུང་མེད་པར་བརྟན་ཡུལ་ནང་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌དུ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་ཡོང་བའི་ནུས་ཤུགས་འདོན་སྤེལ་བྱ་དགོས་བཤད་ཡོད་ཅིང༌། དེ་ཡང་ཁོང་གི་བཤད་དོན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་འདི་ལོའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་དམིགས་ཡུལ་གཏན་འབེབས་བྱས་པའི་ཚད་གཞིའི་ནང་དུ་བསྡད་པ་ལས་དེ་ལས་བརྒལ་བའི་འཕེལ་རྒྱས་ཕྱིན་མེད་པ་དང༌། དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་བྱུང་མེད་པར་བརྟན་ནས་དུས་ཚོད་ངེས་ཅན་ཞིག་རིང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་རེད་ཅེས་བཤད་ཡོད་པ་རེད། ཝུན་ཅ་པའོ་ཡིས་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུའི་ནང་ཚོགས་པའི་དཔལ་འབྱོར་འཆར་གཞིའི་ལས་དོན་ཚོགས་འདུའི་ཐོག་བཞུགས་པའི་ཞིང་ཆེན་ཁག་ཅིག་གི་དཔོན་རིགས་ཚོའི་གནས་ཡུལ་ས་ཁུལ་དེ་དག་ནང་གི་དཔལ་འབྱོར་འཕེལ་རྒྱས་ནི་མཚོ་ཁའི་ས་ཁུལ་ལས་རྗེས་ལུས་སུ་གྱུར་ཡོད་པར་བརྟེན་ནས་བཤད་པ་ཞིག་ཡིན་པ་དང༌། དེའང་ཁོང་གིས། ཚོགས་འདུའི་ཐོག ཞིང་ཆེན་དེ་དག་ནང་གི་ཡུལ་ཐང་འཕར་ཆའི་དཀའ་ངལ་སེལ་ཐབས་བྱ་དགོས་པ་དང༌། གླ་འབབ་སྤར་ཆ་བྱ་དགོས་པ། མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་དགོས་པ། དེ་དང་ཕྱོགས་མཚུངས་ཞིང་ཆེན་གྱི་རྨང་གཞིའི་འཛུགས་སྐྲུན་དང༌། ཚན་རིག འཕྲུལ་རིག ཤེས་ཡོན་དེ་དག་མ་འོངས་འཕེལ་རྒྱས་དང་སྲ་བརྟན་ཡོང་ཐབས་སུ། གཞི་ཡུལ་དེ་དག་ཐོག་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད།།