རྒྱ་ནག་སྲིད་བློན་ནས་རྣམ་དཔྱོད་བེད་སྤྱོད་དགོས་པའི་འབོད་སྐུལ།
2010.08.31
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་རྒྱ་ནག་གི་སློབ་ཕྲུག་རྣམས་བློ་རིག་བཀྲ་བ་དང་རྣམ་དཔྱོད་བེད་སྤྱོད་གཏོང་ཤེས་པའི་ཤེས་ཡོན་པ་གསོ་སྐྱོང་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
དེ་ཡང་ལྦེན་ཅ་པའོ་གྱི་ཕྱི་ཟླ་བདུན་པའི་ཚེས་༡༣ཉིན་སྤེལ་བའི་གཏམ་བཤད་ནང༌དོན་དེ་རིང་ཤིང་ཧྰ་གསར་ཤོག་ཐོག་ལུང་འདྲེན་བྱས་པའི་ནང་། རྒྱ་ནག་གི་སློབ་ཕྲུག་ཚོས་ཡིག་རྒྱུགས་ཡག་པོ་གཏོང་ཐུབ་པ་དང་ཡིག་རྒྱུགས་ཀྱི་འདྲི་ལན་ཁག་བློ་འཛིན་བྱེད་པ་ཡིན་ཞིང༌། འོན་ཀྱང་དངོས་ཡོད་ཀྱི་བློ་རིག་བཀྲ་བ་དང་གསར་གཏོད་ཀྱི་རྣམ་དཔྱད་བེད་སྤྱོད་གཏོང་མཁན་གྱི་སློབ་ཕྲུག་ཧ་ཅང་གི་ཉུང་ཉུང་ཡིན་པ་དང༌། སློབ་ཕྲུག་ཚོར་ཤེས་ཡོན་སྦྱང་བརྩོན་བྱེད་པ་ཁོ་ན་མ་ཡིན་པར་དོན་ངོ་མའི་ཐོག་རྣམ་དཔྱོད་དང་རིག་སྟོབས་བེད་སྤྱོད་བཏང་སྟེ་ཤེས་ཡོན་སྦྱང་བརྩོན་བྱས་པ་རྣམས་ལག་ལེན་ཐོག་ཇི་ལྟར་བེད་སྤྱོད་གཏོང་ཤེས་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཤད་ཡོད་པ་མ་ཟད། སློབ་ཕྲུག་ཚོར་རང་དབང་གི་རྣམ་དཔྱོད་གོང་ཐོར་གཏོང་ཐུབ་པ་དང་རང་དབང་གི་སྒོ་ནས་བསམ་བློ་གཏོང་ཐུབ་པ། སློབ་ཕྲུག་སོ་སོའི་བསམ་བློར་རང་རང་སོ་སོས་ཡིད་ཆེས་བྱེད་ཐུབ་པ་དང་གོང་འཕེལ་གཏོང་ཐུབ་མཁན་གྱི་གསར་གཏོད་བྱེད་ཐུབ་མཁན་མི་སྣ་གསོ་སྦྱོང་བྱེད་དགོས་པའི་སྐོར་བཤད་ཡོད་པ་རེད། ཨེ་ཤི་ཡའི་རྒྱལ་ཁབ་གཞན་དག་ནང་ལའང་རྒྱ་ནག་ལྟ་བུའི་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང༌། དཔེར་ན་སིང་ག་པོར་དང་ཉི་ཧོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ནང་ལ་རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་དང་གཅིག་མཚུངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་པོ་ལེན་ཐབས་ཁོ་ནར་བསམ་བློ་གཏོང་བའི་ཤེས་ཡོན་གྱི་སྲིད་ཇུས་དེར་གདོང་ལེན་བྱེད་བཞིན་ཡོད་པ་དང༌། ད་དུང་རྒྱ་ནག་ནང་དུ་མཚོན་ན། གཞུང་གིས་སློབ་གྲའི་ནང་སློབ་གསོའི་སློབ་ཁྲིད་བྱེད་ཕྱོགས་ལ་དམ་བསྒྲགས་ཡོད་པ་དང༌། དམིགས་བསལ་བོད་དང་ཐའེ་ལྦན་ལྟ་བུ་ཆབ་སྲིད་ཀྱི་ཚོར་བ་གཟབ་པའི་གནད་དོན་ལྡན་པའི་སློབ་ཚན་སློབ་ཁྲིད་བྱེད་མི་ཆོག་པའི་བཀག་འགོག་གི་སྲིད་ཇུས་ལག་བསྟར་བྱེད་པར་བརྟེན་ནས་གནས་ཚུལ་དབྱེ་ཞིབ་པས་རྒྱ་ནག་ནང་ཤེས་ཡོན་གྱི་སྲིད་ཇུས་བསྒྱུར་བཅོས་གཏོང་བར་དཀའ་ཚེགས་ཆེན་པོ་འཕྲད་རྒྱུ་ཡིན་པ་ངོས་འཛིན་བྱེད་པ་དང༌། ལྷག་པར་དུ་ལྦེན་ཅ་པའོ་ཡི་གཏམ་བཤད་ནང་རྒྱ་ནག་རྒྱལ་ཁབ་དེ་བཞིན་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་མཉམ་དུ་ཤེས་ཡོན་གྱི་སྲིད་ཇུས་བསྒྱུར་བཅོས་གཏོང་དགོས་པ་གལ་འགངས་ཆེན་པོ་ཡིན་ཚུལ་བཤད་པ་ལས་རྒྱ་ནག་གི་སློབ་གྲ་ཁག་ནང་སློབ་ཕྲུག་གི་བསམ་བློར་རང་དབང་སྤྲོད་ཕྱོགས་ཀྱི་ཐབས་ལམ་སྐོར་གང་ཡང་བཤད་མེད་པ་རེད།