རྒྱ་ནག་གི་གྲགས་ཅན་སྒྱུ་རྩལ་བ་ཞིག་ལ་དམ་བསྒྲགས།
2011.04.04
༄༅༎རྒྱ་ནག་གི་སྒྱུར་རྩལ་བ་གྲགས་ཅན་ཨའི་ལྦེ་ལྦེ་ཁ་ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣས་ཁོང་པེ་ཅིང་གི་གནམ་ཐང་ནས་ཧོང་ཀོང་དུ་བསྐྱོད་རྒྱུར་དམ་བསྒྲགས་བྱས་པའི་རྗེས་དཆ་ཁོང་ག་པར་ཡོད་མེད་རྩད་གཅོད་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ ཁོང་རྒྱ་གཞུང་གིས་དོ་དམ་བྱས་པ་དེས་ད་བར་ཟླ་ངོ་གཉིས་ཙམ་རིང་རྒྱ་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་མང་དག་ཅིག་དོ་དམ་བྱས་པའི་ཁོངས་ཁོང་རྒྱལ་སྤྱིའི་ཐོག་གྲགས་ཆེ་ཤོས་ཀྱི་མི་སྣ་དེ་ཆགས་ཀྱི་ཡོད་པ་རེད་
པེ་ཅིང་ནང་ཡོད་པའི་ཁོང་གི་ཁྲིམས་རྩོད་པ་པུའུ་་ཀྲི་ཅང་ཡིས་ཉེན་རྟོག་མི་སྣས་ཁོང་གི་པེ་ཅིང་གི་སྒྱུ་རྩལ་ཁང་དེ་བསྔོག་བཤེར་བྱས་པ་དང་དེར་ཡོད་ཁོང་གི་གློག་ལས་འཕྲུལ་འཁོར་ཁག་བཙན་འཕྲོག་བྱས་ཡོད་སྐོར་གསུང་འདུག ཡང་ཁོང་གི་ཁྲིམས་རྩོད་པས་ཉེན་རྟོག་མི་སྣས་ཁོང་གི་སྒྱུ་རྩལ་ཁང་བསྔོག་བཤེར་བྱེད་ཆོག་པའི་ཁྲིམས་ཡིག་ཞིག་འཁྱེར་ཡོད་ཀྱང་ཨའི་ཝི་ཝི་ཡི་ནག་ཉེས་ཇི་ཡིན་གསལ་བཀོད་མེད་སྐོར་གསུང་འདུག
མིང་འདོན་གནང་རྒྱུར་ཞེད་སྣང་བྱེད་མཁན་ཁོང་གི་པེ་ཅིང་ནང་ཡོད་པའི་རྒྱུ་སྩལ་ཁང་གི་ལས་བྱེད་པ་ཞིག་གིས་ཁོང་ཁ་ཉིན་པེ་ཅིང་གི་གནམ་ཐང་ནས་ཧོང་ཀོང་ལ་བསྐྱོད་མ་བཅུག་པའི་རྗེས་ད་བར་གནས་ཚུལ་གང་ཡང་ཤེས་རྟོག་བྱུང་མེད་སྐོར་དང་ཁོང་དོ་དམ་བྱེད་དགོས་པའི་རྒྱུ་མཚན་ཡང་ཤེས་རྟོག་བྱུང་མེད་སྐོར་གསུང་འདུག གོང་ཞུས་ཁོང་གི་ལས་བྱེད་བུད་མེད་དེས་རེས་གཟའ་ཉི་མ་ཉིན་ཁོང་དང་ཨའི་ཝི་ཝི་ཡི་བཟའ་ཟླ་དང་ཁོང་གི་ཁ་ལོ་པ་བཅས་ལས་བྱེད་མི་གྲངས་བརྒྱད་ལ་ཉེན་རྟོག་མི་སྣས་འདྲི་རྩད་བྱས་པའི་རྗེས་གློད་བཀྲོལ་བཏང་སྐོར་བརྗོད་འདུག ཁོ་མོས་ཉེན་རྟོག་མི་སྣས་ཨའི་ལྦེ་ལྦེ་ད་བར་དོ་དམ་བྱས་ཡོད་པ་དང་ཁོང་གི་སྒྱུ་རྩལ་ཁང་དེ་དལྟ་སྒོ་ཕྱེས་ཡོད་སྐོར་གླེང་ཡོད་པ་རེད་ ཨའི་ལྦེ་ལྦེ་ནི་རྒྱ་ནག་ནང་གི་གྲགས་ཆེ་བའི་སྒྱུ་རྩལ་བ་ཞིག་ཡིན་པ་དང་ཁོང་གིས་ད་བར་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེར་བློ་ཁོག་ཆེན་པོའི་ཐོག་གདོང་ལེན་གྱི་གཏམ་བཤད་ལན་མང་གནང་མཁན་ཞིག་ཀྱང་ཡིན་པ་རེད་