བོད་ཁམས་འཇོ་མདའ་རྫོང་གི་ཉེན་རྟོག་ལས་ཁུངས་མདུན་ངོ་རྒོལ།
2009.08.21
༄༅༎དེ་རིང་ཁམས་འཇོ་མདའ་རྫོང་གི་ཉེན་རྟོག་ལས་ཁུངས་མདུན་འཇོ་མདའ་རྫོང་དུ་བཀག་ཉར་འོག་མུ་མཐུད་གནས་བཞིན་པའི་བོད་མི་དགོན་པོ་དར་རྒྱས་ཀྱི་བཟའ་ཟླ་བོ་ཡག་ཞུ་བ་ཞིག་ནས་རང་ཉིད་ཀྱི་བུ་ཕྲུག་ཚོ་འཁྲིད་ཏེ་མཉམ་དུ་ངོ་རྒོལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག
དེའང་ཟླ་བ་འདིའི་ཚེས་བཅུ་གཉིས་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་བཀོད་པའི་གནས་ཚུལ་ལ་གཞིགས་ན་ཉེ་ཆར་རྒྱ་ནག་གཞུང་ནས་ཁམས་འཇོ་མདའ་རྫོང་ཁོངས་རྒྱལ་མཚན་ཚང་གི་བྱམས་པ་དང་བུ་ལྷུག་དེ་བཞིན་དམུ་ཚ་ཚང་གི་ཚེ་བརྟན་བཅས་བོད་མི་གསུམ་ཕྱི་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་ཆབ་མདོར་འཁྲིད་དེ་དུས་བཀག་བཙོན་འཇུག་ལོ་གཉིས་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་མ་ཟད་དེ་མིན་ཨ་ཤག་ཚང་གི་ནོར་ལྷ་དང་མགོན་པོ་དར་རྒྱས་གཉིས་ལ་རྒྱ་ནག་གཞུང་ནས་དེ་སྔའི་ས་གནས་བོད་མིའི་ཞི་བའི་ངོ་རྒོལ་ལས་འགུལ་གྱི་སྣེ་འཁྲིད་མཁན་ཡིན་པའི་ཉེས་བཙུགས་བྱས་ཏེ་སྔ་ས་ནས་འཇོ་མདའ་རྫོང་དུ་བཀག་ཉར་བྱས་ཏེ་ད་ཆ་མུ་མཐུད་བཀག་ཉར་འོག་གནས་བཞིན་པ་རེད་འདུག་ལ་དེ་རིང་མགོན་པོ་དར་རྒྱས་ཀྱི་བཟའ་ཟླ་བོ་ཡག་ནས་རང་ཉིད་ཀྱི་བུ་ཕྲུག་ལྔ་པོ་དེ་ཚང་མ་ཉམ་དུ་ཁྲིད་ཡོང་ནས་འཇོ་མདའ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་ངོ་རྒོལ་བྱེད་བཞིན་ཡོད་པ་དང་གཞན་ཡང་མགོན་པོ་དར་རྒྱས་ཀྱི་བཟའ་ཟླ་བོ་ཡག་ནས་གལ་ཏེ་ཉེན་རྟོག་ཚན་པར་དགོན་པོ་དར་རྒྱས་གློད་བཀྲོལ་མ་བཏང་བ་ཡིན་ན་རང་ཤི་རྒྱག་གི་ཡིན་ཞེས་བཤད་བཞིན་ཡོད་པ་རེད་འདུག་པ་ལས་དེ་རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ག་རེ་ཐོན་ཡོད་མིན་གསལ་པོ་མེད་པ་རེད་འདུག