རྒྱ་ནག་གཞུང་གིས་ཁུངས་མེད་གནས་ཚུལ་རྫུན་སྒྲིག་བྱེད་བཞིན་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱིས་དགག་ལན།
2020.04.29
ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་གི་རྐྱེན་པས་བཙན་བྱོལ་བོད་མི་ཚོ་བོད་ལ་ལོག་འདོད་བྱེད་བཞིན་ཡོད་ཚུལ་རྒྱ་གཞུང་གིས་གནས་ཚུལ་རྫུན་སྒྲིག་བྱེད་བཞིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུང་འདུག
འདི་ཚེས་༢༧་ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་འགྱུར་ནང་། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་རྐྱེན་གྱིས་བཙན་བྱོལ་བོད་མི་རྣམས་ལ་དམིགས་བསལ་དཀའ་ངལ་འཕྲད་བཞིན་ཡོད་ཚུལ་དང་། རྒྱ་གར་ནང་སྨན་བཅོས་མཐུན་རྐྱེན་གདེང་ངེས་མེད་ཚུལ། ལྷག་པར་དུ་རྒྱ་ནག་གི་སྨན་གྱི་ཉམས་ཞིབ་པ་ཡིན་ཟེར་བ་ལིན་ཡིང་ཧོའུ་གྱིས་རྡ་རམ་སཱ་ལའི་ཁུལ་དུ་སྨན་ཁང་གི་མཐུན་རྐྱེན་ཞན་པ་དང་། རྒྱ་གར་ས་གནས་གཞུང་གིས་བཙན་བྱོལ་བོད་མིའི་བདེ་དོན་ལ་སྣང་མེད་འཇོག་གི་ཡོད་པ་སོགས་བཀོད་ནས་གནས་ཚུལ་སྤེལ་ཡོད་པ་དང་། གནས་ཚུལ་དེ་དག་ཚང་མ་རྒྱ་ནག་གཞུང་གིས་དངོས་འབྲེལ་མིན་པའི་གནས་ཚུལ་རྫུན་སྒྲིག་བྱས་བ་ལས་དོན་དངོས་མིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་དགག་ལན་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཛ་དྲག་ཆེ་བའི་སྐབས་འདིར་གོ་སྐབས་བཟུང་ནས། བོད་མི་ནང་ཁུལ་བསམ་ཚུལ་བཟོ་བ་དང་། རྒྱ་གར་གཞུང་དམངས་ལ་བསལ་ཚུལ་བཟོ་ཐབས་བྱེད་བཞིན་པ་དེ་རྩ་བ་ནས་ཡག་པོ་མ་རེད། དངོས་འབྲེལ་ཆ་ནས་རྒྱ་གར་དབུས་སའི་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ལྟ་རྟོགས་འཐུས་ཚང་བྱེད་བཞིན་ཡོད་ཅིང་། གསར་འགྱུར་དེའི་ནང་བལ་ཡུལ་ནང་གནས་སྡོད་བེུད་དབྱངས་འཛོམས་ཞེས་པའི་མིང་བཏོན་ནས་བོད་མི་ཡོངས་ལ་སྦྱར་བ་ཡིན་ན་ཏག་ཏག་མ་རེད། བལ་ཡུལ་དོན་གཅོད་བརྒྱུད་ནས་བེུད་དབྱངས་འཛོམས་ཞེས་པ་ཡོད་མེད་རྩད་གཅོད་བྱས་སྐབས་དེ་འདྲ་ཞིག་མི་འདུག་པས། ཐ་ན་རྒྱ་ནག་གཞུང་གིས་མིའི་མིང་རྫུན་བཟོ་བྱས་ནས་དངོས་བདེན་མིན་པའི་གནས་ཚུལ་སྤེལ་རྒྱུའི་ཚབ་ཏུ་མཉམ་རུབ་ཀྱི་ཐོག་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་རྒྱའི་དུས་ཚོད་ཞིག་ཡིན་པ་བརྗོད་ཀྱི་འདུག
རྒྱ་གར་རྡ་རམ་སཱ་ལ་ནི་ཧི་མ་ཅལ་ཀང་ར་རྫོངས་ཁོངས་སུ་ཚུད་ཡོད་པ་དང་། ས་གནས་སུ་སྨན་བཅོས་ཀྱི་མཐུན་འགྱུར་ཧ་ཅང་ཡག་པོ་ཡོད། དེ་ཡང་སྨན་ཁང་ལ་མཚོན་ན་གངས་སྐྱིད་དུ་བདེ་ལེགས་སྨན་ཁང་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཁང་ཡོད་ཅིང་། ཕྱོགས་མཚུངས་ས་གནས་རྒྱ་གར་གྱི་སྨན་ཁང་ལ་མཚོན་ན། རྡ་སའི་ཁྲོམ་གཞུང་གི་ཉེ་འདབས་སུ་(Civil hospital)་ཞེས་རྒྱ་གར་ས་གནས་གཞུང་གི་སྨན་ཁང་ཆེ་ཐག་ཆོད་གཅིག་དང་། རླངས་འཁོར་ནང་བསྐྱོད་ན་སྐར་མ་བཞི་བཅུ་ཙམ་འགོར་བའི་རྒྱང་ཐག་སར་ཏན་ཌ་སྨན་ཁང་(Tanda hospital)་ཞེས་ནད་རིགས་འདྲ་མིན་བཅོས་ཐུབ་པའི་སྨན་ཁང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་བཞིན་སྒེར་གྱི་སྨན་ཁང་ལ་མཚོན་ན། ཕོ་ཊི་སི་(Fortis)་སྨན་ཁང་སོགས་ཡོད། དེར་བརྟེན་གསར་འགྱུར་དེའི་ནང་དུ། རྡ་རམ་སཱ་ལར་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་གི་རྐྱེན་པས་བཙན་བྱོལ་བོད་མི་ཚོ་བོད་ལ་ལོག་འདོད་བྱེད་བཞིན་ཡོད་ཚུལ་དང་། ད་ཆ་རེ་བལྟོས་བྱ་ཡུལ་རྒྱ་ནག་ཡིན་པ་ལྟ་བུའི་རྣམ་འགྱུར་བསྟན་པ་ནི། རྣ་བར་མི་འགྲོ་བའི་གཏམ་འཆལ་འབའ་ཞིག་དང་རྫུན་སྒྲིག་རེད་ཅེས་དགག་ལན་རྒྱབ་འདུག