ཏོག་དབྱིབས་ནད་ཡམས་ཕོག་ཡོད་པའི་བོད་མི་ཞིག་འདས་གྲོངས་སུ་ཕྱིན་འདུག
2020.06.04
ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་མི་ཞིག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་འདུག
ཟླ་འདིའི་ཚེས་༢་ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་མི་ལོ་ན་དྲུག་ཅུ་རེ་གཉིས་ལ་སོན་པ་ཞིག ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་འདུག དེའི་ཐད་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྩ་བའི་ཆ་ནས་ནད་པ་དེ་ཉིད་ལ་གཅིན་པ་མངར་གྱུར་དང་། ཁྲག་ཤེད་ཀྱི་ནད་གཞི་ཡོད་སྟབས། དུས་རྒྱུན་སྨན་ཁང་དུ་ཡང་ཡང་བསྟེན་གཏུག་བྱེད་བཞིན་ཡོད་པ་ལྟར། སྤྱི་ཟླ་ལྔ་པའི་ཚེས་༢༩་ཉིན་ཁྲག་ཤེད་དང་གཅིན་པ་མངར་གྱུར་གྱི་བརྟག་དཔྱད་བྱེད་སྐབས་ཏོག་དབྱིབས་ནད་འབུ་གསར་བའི་ནད་རྟགས་ཡོད་པའི་དོགས་པ་བྱུང་སྟེ། ཚེས་༣༠་ཉིན་དྲ་ཐོག་ནས་དམིགས་བསལ་སྨན་པ་བོས་ཏེ་བརྟག་དཔྱད་བྱས་ཡོད་པ་དང་། བརྟག་དཔྱད་འབྲས་བུ་ཟླ་དྲུག་པའི་ཚེས་༣་ཉིན་གཞི་ནས་འབྱོར་སྐབས་ཁོང་ལ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད་ཅེས་དང་། ནད་འབུ་དེ་ཐོག་མར་གང་འདྲ་བྱས་ནས་འགོས་ཡོད་མེད་ཐད་རྩད་གཅོད་བྱེད་མུས་ཡིན་ཡང་ད་བར་གང་ཡང་ཤེས་རྟོགས་ཐུབ་མི་འདུག་ལ། ད་ལྟའི་ཆར་ཁོང་གི་ཕུང་པོ་རྒྱ་གར་གཞུང་གི་ངོས་ནས་མེར་བསྲེགས་བཏང་ཟིན་ཡོད་འདུག་པ་དང་། ཁོང་དང་འབྲེལ་ཡོད་མི་བཅུ་གསུམ་ཙམ་ཡོད་པ་ཚང་མ་སོ་སོའི་ནང་ཟུར་བཀག་གིས་བསྡད་ཡོད་པར། བོད་སྒར་བསམ་ཡས་གླིང་གི་འབྲེལ་ཡོད་ཚོགས་ཆུང་དང་། རྒྱ་གར་གཞུང་གཉིས་ཐུན་མོང་གིས་ཐོག་ནས་བརྟག་དཔྱད་དང་མཐུན་འགྱུར་སོགས་སྦྱོར་མུས་རེད་ཅེས་འགྲེལ་བརྗོད་གནང་སོང་།
གཞན་འདས་པོའི་བཟའ་ཟླ་སྤྱི་ཟླ་༥་ཚེས་༢༩་ཉིན་ཧི་མ་ཅལ་མངའ་སྡེའི་སྦིར་སྡེ་དགེ་གཞིས་ཆགས་ནང་མ་རྒན་ཐུག་པར་སོང་ཡོད་ཀྱང་། ཁྱོ་གའི་ནད་གཞིའི་རྐྱེན་གྱིས་ཉིན་བཞི་ལས་མ་བསྡད་པར་ཕྱིར་ལྡི་ལིར་ལོག་ཡོད་པ་དང་། ས་གནས་སུ་བསྡད་ཡུན་རིང་ནང་མི་གཙོ་བོར་གྱུར་པའི་འབྲེལ་འདྲིས་བྱུང་ཚད་ཚང་མ་རྩད་གཅོད་ཀྱིས། ད་ལྟའི་ཆར་འབྲེལ་ཡོད་དུད་ཚང་དྲུག་ཙམ་ཞིག་ཟུར་བཀག་བྱས་ནས་བསྡད་ཡོད་པ་དང་། ཁོང་རྣམས་ལ་ནད་ཡམས་འགོས་ཡོད་མེད་ཀྱི་དམིགས་བསལ་བརྟག་དཔྱད་བྱེད་རོགས་ཞེས་མངའ་སྡེ་གཞུང་ལ་སྙན་སེང་ཞུས་ཟིན་ཡོད་པ་སྦིར་སྡེ་དགེ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། འདི་ཚེས་༤་ཉིན་གྱི་ཉིན་གུང་བར། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཕོག་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཁྱོན་མི་གྲངས་ཉིས་ཁྲི་སུམ་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་ལྔ་བྱུང་བ་དང་། དེའི་ཁྲོད་ནས་མི་གྲངས་དྲུག་བརྒྱ་བཅུ་མེད་དྲུག་འདས་གྲོངས་སུ་སོང་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་སུ་ནད་པ་ཁྱོན་ཉིས་འབུམ་ཆིག་ཁྲི་དྲུག་སྟོང་དགུ་བརྒྱ་བཅུ་དགུ་དང་། དེའི་ཁྲོད་ཀྱི་ནད་མི་གྲངས་དྲུག་སྟོང་བརྒྱ་མེད་བདུན་ཅུ་དོན་ལྔ་འདས་གྲོངས་སུ་སོང་ཡོད་འདུག
དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༦ ་པའི་ཚེས་༤་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༦༦༠༣༤༦༩་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༣༨༨༡༡༣་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། བྷིར་ཛལ། ཨུ་རུ་སི། སུ་པན། དབྱིན་ཡུལ། ཨེ་ཊ་ལི། རྒྱ་ནག ཇར་མན་བཅས་ཡིན་པ་རེད།