རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེ་རུ་འགྲོ་བཞིན་ཡོད་འདུག
2020.04.17
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་ཚོང་ལས་ལ་ཉམས་རྒུད་འགྲོ་བཞིན་པ་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཚབས་ཆེའི་དོ་ཕོག་ཐེབས་བཞིན་འདུག
ཕྱི་ལོ་ ༢༠༢༠ ་ལོའི་ལོ་སྟོད་ཀྱི་ཟླ་བ་གསུམ་གྱི་ནང་། རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་ ༦་༨% མར་ཆག་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་འདུག་ཅིང་། ལོ་རབས་བདུན་བཅུའི་རྫོགས་མཚམས་སུ་རྒྱ་ནག་གི་འགོ་ཁྲིད་ཏེང་ཞོ་ཧྥིང་གིས་རྒྱ་ནག་གི་དཔལ་འབྱོར་སྒོ་མོ་ཕྱེ་བའི་སྲིད་བྱུས་བཅོས་བསྒྱུར་བྱས་པ་ནས་བཟུང་། རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་ཐོག་དོ་ཕོག་འདི་ལྟ་བུ་བྱུང་མྱོང་མེད་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
འདིའི་རྒྱུ་མཚན་གཙོ་བོ་ནི་སྔ་ལོ་ཕྱི་ཟླ་ ༡༢ ་པའི་ནང་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་འབུ་གསར་པའི་རིམ་ནད་འགོས་ཁྱབ་ཀྱི་གནས་ཚུལ་བྱུང་རྗེས། རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བསྐྱོད་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་བཏང་ཞིང་། བཟོ་གྲྭ་སྟོང་ཕྲག་མང་པོ་སྒོ་རྒྱག་དགོས་བྱུང་སྟེ། དངོས་ཟོག་ཕྱིར་ཚོང་གི་གནས་བབས་ལ་དོ་ཕོག་ཧ་ལས་པའི་ཆེན་པོ་བྱུང་བ་དང་། དེ་རྗེས་རིམ་པས་ནད་ཡམས་དེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཕྱིན་པའི་རང་བཞིན་གྱི་འོག་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ནང་འདྲེན་གྱི་ནུས་པ་ཤུགས་ཆེ་ཉམས་པ་སོགས་ཀྱི་རྐྱེན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དཔལ་འབྱོར་ཉམས་ཞིབ་པ་ཁག་གཅིག་གིས། རྒྱ་ནག་གི་དཔལ་འབྱོར་ད་དུང་མུ་འཐུད་ཉམས་ཆག་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག་ལ། འདི་ལོའི་རྒྱ་ནག་གི་ལོ་རེའི་དཔལ་འབྱོར་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་ ༢་༥% ་ལས་ལོན་རྒྱུ་མིན་པ་བརྗོད་བཞིན་ཡོད་ཅིང་། འདི་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་ཀྱི་དཔལ་འབྱོར་འཕེལ་ཚད་དམའ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབས་ལ་ཉམས་ཞིབ་བྱེད་མཁན་མང་པོས་ལོ་རབས་དགུ་བཅུའི་ནང་རྒྱ་ནག་གི་ལོ་རེའི་དཔལ་འབྱོར་གྱི་ཐོན་བབས་བརྒྱ་ཆ་ ༡༠་ནས་ ༡༦ ་བར་ཟིན་པའི་ལོ་རྒྱུས་དང་མཉམ་པ་ཕྱིར་ལོག་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་ཚོད་དཔག་ཡང་བྱེད་བཞིན་ཡོད་པ་རེད།