ཞིའི་ཅིན་ཕིང་གིས་ཨ་རིའི་མངའ་སྡེ་ཨ་ཡོ་ལྦར་འཚམས་འདྲི།
2012.02.16
༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་དེང་ཨ་རིར་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་ཐོག་ ཁ་ས་ཨ་རིའི་ཨ་ཡོ་ལྦ་མངའ་སྡེའི་མཐའ་ཁུག་གྲོང་ཁྱེར་མསི་ཀ་ཀྲིན་དུ་གཟིགས་སྐོར་རུ་ཕེབས་པར་ས་གནས་ཀྱི་ཡུལ་མི་རྣམས་ནས་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་རྒྱ་ཆེར་འགྲོ་བཞིན་པའི་གནས་སྟངས་རྐྱེན་པས་ ཡུལ་མི་རྣམ་ཀྱིས་རྒྱ་ནག་ཐོག་བཟང་ངན་གྱི་བསམ་ཚུལ་སྣ་ཚོགས་ཡོད་པ་གསལ་འདོན་བྱུང་འདུག་༎
མ་འོངས་རྒྱ་ནག་གི་སྲིད་འཛིན་དུ་ངེས་པའི་ད་ལྟའི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་དེ་སྔ་༡༩༨༥ལོར་ ཨ་རིར་ཐེངས་དང་པོ་ཕེབས་སྐབས་ གོང་གསལ་ཨ་ཡོ་ལྦ་མངའ་སྡེའི་གྲོང་ཁྱེར་མསི་ཀ་ཀྲིན་རུ་ཡིན་པ་དང་ ད་རེས་ཁོང་ཨ་རིའི་ནང་གཞུང་དོན་ཕྱོགས་བསྐྱོད་ཀྱི་མཛད་འཆར་ཁོངས་སུ་ རེས་གཟའ་ལྷག་པའི་ཉིན་སླར་ཡང་གྲོང་ཁྱེར་དེའི་ནང་གཟིགས་པར་ཕེབས་ཡོད་པ་རེད་ ཨ་ཡོ་ལྦ་མངའ་སྡེའི་སྲིད་སྐྱོང་བས་ མངའ་སྡེའི་དེའི་མཐའ་ཁུག་གྲོང་ཁྱེར་ཆུང་ངུ་འདིའི་ནང་ཞིའི་ཅིན་ཕིང་གཟིགས་སྐོར་ཕེབས་པ་འདི་ཡེ་ཤུའི་བླ་ཆེན་གྱི་འཚམས་གཟིགས་ཕེབས་པ་དང་འདྲ་མཚུངས་ལྟ་བུ་ཡིན་ལུགས་དང་ དེ་བཞིན་ས་གནས་ཀྱི་གསར་ཤོག་ནང་དུ་ཡང་ རྒྱལ་སྤྱིའི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཅིག་ནས་ འདི་ལྟ་བུའི་གྲོང་ཁྱེར་ཆུང་གྲས་ཤིག་ནང་གཟིགས་སྐོར་རུ་ཕེབས་པ་དེས་ གྲོང་ཁྱེར་གྱི་ཆེ་ཐོང་ལ་གཟི་བརྗིད་དང་ དེ་བཞིན་ཨ་ཡོ་ལྦ་མངའ་སྡེ་དང་རྒྱ་ནག་དབར་ཚོང་འབྲེལ་རྒྱ་ཆེར་འགྲོ་རྒྱུའི་དམིགས་ས་ཆེན་པོ་ཡོད་པར་བརྟེན་ ཡུལ་མི་ཚོས་དགའ་ཚོར་དང་དགའ་བསུ་ཞུ་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག་ ཡང་ ཕྱོགས་མཚུངས་མསི་ཀ་ཀྲིན་གྲོང་ཁྱེར་གྱི་ཡུལ་མི་མང་པོས་ རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་ངོས་འཛིན་བྱེད་དགོས་ཀྱང་ དམར་པོའི་སྲིད་དབང་ལམ་ལུགས་འོག་ མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་དངོས་ཡོད་གནས་སྟངས་ཐོག་སེམས་ཚོར་ཆེན་པོ་ཡོད་པ་ཡང་གསལ་འདོན་བྱས་འདུག ཁ་ས་ཞིའི་ཅིན་ཕིང་ཨ་རིའི་ཨ་ཡོ་ལྦ་མངའ་སྡེའི་ནང་འཚམས་གཟིགས་གནང་སྐབས་ ཉེ་འཁོར་རུ་ཡོད་པའི་ཨ་རིའི་ལྦི་སི་ཀོན་སིན་དང་མི་ནི་སོ་ཀྲ། ཨི་ལི་ནོའེ་བཅས་མངའ་སྡེ་ཁག་ནས་ཆེད་དུ་འབྱོར་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲ་ལྷག་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་འདུག་༎