བོད་ནང་རྒྱ་ནག་གཞུང་གི་སློབ་གསོ་བཅོས་བསྒྱུར་ལ་དགག་པ།
2010.11.02
༄༅༎བོད་ནང་གི་ན་གཞོན་རྩོམ་པ་པོ་སྒོ་ཡོན་ལགས་ཀྱིས་ང་ཚོའི་སྐད་ཡིག་གང་དུ་ཡོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱ་ནག་གཞུང་གི་སློབ་གསོ་བཅོས་སྒྱུར་གྱི་སྲིད་ཇུས་ལ་དགག་པ་སྐྱོན་ཡོད་པ་རེད།
ཁོང་གི་རྩོམ་ཡིག་ནང་འཁོད་དོན། དུས་དེ་རིང་འགྲོ་བ་མིའི་ལོ་རྒྱུས་ཀྱི་གཞུང་ལམ་ཁྲོད་ན་བསུབ་ཏུ་མེད་པའི་རིག་གནས་གསར་བརྗེ་ཆེན་པོའི་གོད་ཆགས་འཇིགས་སུ་རུང་བ་དེ་བརྗེད་དུ་མེད་ཀྱང་ ཟུར་དུ་བཞག་སྟེ་ཉིས་སྟོང་བརྒྱད་ལོའི་བསད། གཏུབ། རྡུང་རྡེག་གི་བཙན་གནོན་ཡིད་ཀྱིས་མི་བཟོད་པའི་སྐྱོ་གར་རིང་མོ་དེ། འཇགས་སུ་མེད་ཀྱང་རྒྱབ་ཏུ་བཅོལ་ནས། ཟླ་འགའི་ཡང་སྔོན་དུ་ཁམས་ཡུལ་ཤུལ་གྱི་ས་ཡོམ་དྲག་པོའི་སྔ་རྗེས་སུ་བྱུང་བའི་ལྐོག་གཡོ་ངན་ཇུས་ཀྱིས་ས་ཕྲོགས་ནོར་རྐུ་ཁྱེར་གྱི་གོད་ཆགས་བློ་ཡིས་མི་ཟིན་པ་དག་ཀྱང་རྗེས་སུ་བསྐྱུར་ནས་གང་ཞིག་དམིགས་སུ་འཛིན་འདོད་པའི་དོན་གནད་གལ་ཆེ་བ་ནི། ང་རང་ཉིད་གཏོགས་པའི་བོད་པ་སྤྱིིའི་ཁ་ལྕེ་དང་སྨྲ་བརྗོད་ང་ཚོ་རང་ཉིད་ལ་དབང་ཆོག་མིན་དེ་ཡིན་ལ། བོད་པ་ཞེས་པའི་འགྲོ་མིའི་བྱེ་བྲག་གི་རིགས་རྒྱུད་འདི་ཉིད། སའི་སྒང་དུ་གནས་ཆོག་མིན་གྱི་གནད་དོན་དེ་ཡིན་ཞེས་པ་སོགས་འཁོད་ཡོད་པ་རེད།
རྩོམ་པ་པོ་སྒོ་ཡོན་ལགས་ནི་ཁམས་བྲག་མགོ་ནས་ཡིན་པ་དང་ཁོང་དང་ཧོར་དགེ་འདུན་བཟང་པོ། གསེར་རྟ་ཤེས་རབ་གསུམ་ཕྱི་ཟླ་༦པའི་ཚེས་༥ཡི་དགོང་མོར་ཁྲིན་ཏུ་ནས་རྒྱ་མིའི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་འདྲི་གཅོད་དང་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཡུན་རིང་སྨན་ཁང་དུ་ཉལ་དགོས་པ་བཟོས་པ་མ་ཟད་ནད་གཅོང་བཟོས་ཡོད་པ་དང་ རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།