སྐུ་ཞབས་སྦོབ་སྦོ་རོན་མཆོག་བགྲེས་ཡོལ་དུ་ཕེབས་པ།
2012.08.25
༄༅༎ཨོ་སི་ཊེ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ཟུར་པ་ སྦོབ་སྦོ་རོན་ མཆོག་ཨོ་སི་ཊེ་ལི་ཡའི་གྲོས་ཚོགས་གོང་མའི་ཚོགས་མིའི་ཁོངས་ནས་བགྲེས་ཡོལ་ཐོག་རྩ་དགོངས་ཞུས་པ་དང་སྟབས་བསྟུན་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་
ཕུན་ཚོགས་ལགས་དང༌། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཀྱིས་ཁོང་ལ་འཚམས་འདྲི་གནང་ཡོད་པ་རེད། ཁོང་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཞིབ་ཕྲ་སྙན་སེང་ཞུས་པར། སྐུ་ཞབས་ སྦོ་རོན་ མཆོག་གིས་ཐུགས་སྣང་ཆེན་པོའི་ངང་གསན་གནང༌ཡོད་པ་རེད། སྐུ་ཞབས་ སྦོ་རོན་ མཆོག་གིས་སྔོན་ཆད་ལོ་མང་རིང་། ཨོ་སི་ཊེ་ལི་ཡའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ། གྲོས་ཚོགས་ནང་བོད་དོན་ཐོག་སྐབས་སོར་སོར་གྲོས་འཆར་བཏོན་ཏེ་གླེང་སློང་གནང་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་བོད་ཀྱི་གནས་དོན་ཞིབ་ཕྲ་མཁྱེན་ཐབས་གནང་མཁན་དང་། ཕྱི་ལོ་ ༢༠༠༠ ལོར་བོད་ནང་ཆེད་ཕེབས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་ཐབས་གནང་སྟེ། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད། ཨོ་སི་ཊེ་ལི་ཡའི་ནང་གི་བོད་མི་ཚོས་རྒྱལ་ས་ ཀེན་སྦི་རྰ་ནང་བོད་ཀྱི་རྩ་དོན་ཐད་ཞི་བའི་ལས་འགུལ་ག་དུས་སྤེལ་ཀྱང་། ཁོང་གིས་སྐབས་སོ་སོར་མཉམ་ཞུགས་གནང་སྟེ། བོད་དོན་ཐོག་འཛེམ་ཟོན་མེད་པར་གཏམ་བཤད་གནང་མཁན་ཞིག་ཀྱང་ཡིན་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཡུལ་དེར་ཆིབས་བསྒྱུར་གནང་སྐབས་དང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཁ་སྔོན་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ མེལ་སྦོ་བོན་དུ་ཕེབས་སྐབས་ཡང་སྐུ་ཞབས་ སྦོབ་ སྦོ་རོན་ མཆོག་གིས་སྐབས་སོ་སོར་འཚམས་མཇལ་ཞུས་ཡོད་པ་རེད། ཁོང་གིས་གྲོས་ཚོགས་ཁོངས་ནས་རྩ་དགོངས་ཞུས་ཡོད་ནའང་། བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་ཅེས་
ཞལ་བཞེས་གནང་ཡོད་པ་རེད།།