ཁེ་ཎ་ཌས་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་རིགས་ཤིག་ཕྱིར་ཕུད་བཏང་འདུག

2023.05.09
ཁེ་ཎ་ཌས་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་རིགས་ཤིག་ཕྱིར་ཕུད་བཏང་འདུག ཁེ་ཎ་ཌ་དང་རྒྱ་ནག་གི་རྒྱལ་དར།
REUTERS

རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མཁན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཞིག་ལ་ཁ་གཏད་བྱེད་མཁན་གྱི་རྒྱ་ནག་གཞུང་ཚབ་ཀྱི་དཔོན་རིགས་ཤིག་ཁེ་ཎ་ཌ་ནས་ཕྱིར་ཕུད་བྱས་ཡོད་པ་དང་། དེའི་ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཁེ་ཎ་ཌའི་གཞུང་ཚབ་དཔོན་རིགས་ཤིག་ཕྱིར་ཕུད་བྱས་ཡོད་འདུག
དེ་ཡང་ཕྱི་ཚེས་༨ཉིན་རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༨གཟའ་ཟླ་བའི་ཉིན་ཁེ་ཎ་ཌའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དཔོན་རིགས་ཀྲའོ་ཝེ་(Zhao Wei)་ཁེ་ཎ་ཌ་གཞུང་གིས་ཕྱིར་ཕུད་བྱས་པའི་སྐབས། ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་རྣམ་པ་གང་འདྲ་ཞིག་ཡིན་ན་ཡང་ཕྱི་རྒྱལ་གྱིས་ཐེ་བྱུས་བྱ་རྒྱུར་བཟོད་སྒོམ་བྱ་ཐབས་མེད་ཅེས་གསུངས་ཡོད་འདུག ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཡུལ་དེ་ནས་ཕྱིར་ཕུད་བྱས་པའི་གནས་ཚུལ་དེས་རྐྱེན་པས་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་དེ་བས་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། ད་རེས་ཀྱི་གནད་དོན་དེར་ལན་འདེབས་ཆེད་རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་ཕྱི་སྲིད་དཔོན་རིགས་ཤིག་ཕྱིར་ཕུད་བྱེད་སྲིད་པ་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་གྱི་ཕྱི་སྲིད་སྲིད་བྱུས་ཀྱི་སློབ་སྟོན་པ་ཟུར་པ་དང་ཨའོ་ཊ་ཝ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་དགེ་རྒན་ཆེན་མོ་(Roland Paris)་དབྱེ་ཞིབ་གནང་ཡོད་པ་བཞིན། གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ནང་ཡོད་པའི་ཁེ་ཎ་ཌའི་ཕྱི་སྲིད་དཔོན་རིགས་(Jennifer Lynn Lalonde)་ཕྱི་ཟླ་ལྔ་པའི་ཚེས་༡༣གོང་རྒྱ་ནག་ནས་ཕྱིར་ཐོན་དགོས་ལུགས་བརྗོད་ཡོད་པ་རེད།
ཁེ་ཎ་ཌའི་གསང་བའི་ལས་ཁང་གིས་ཕྱི་ལོ་༢༠༢༡ལོར་བཏོན་པའི་སྙན་ཐོ་ཞིག་གི་ནང་། རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་ནང་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། དེའི་ནང་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་(Michael Chong)་དང་ཁོང་གི་ནང་མི་ཚོར་ཉེན་ཁ་བཟོ་སྲིད་པའི་སྐོར་བཀོད་ཡོད་པ་རེད། གོང་ཞུས་སྙན་ཐོ་དེའི་ཞིབ་ཕྲའི་གནས་ཚུལ་ཉེ་ལམ་ཕྱི་ཟླ་ལྔ་པའི་ཚེས་༡ཉིན་ཕྱིར་བསྒྲགས་བྱུང་ཡོད་པ་ཁེ་ཎ་ཌའི་ཚགས་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་གྲོས་ཚོགས་འཐུས་མི་(Michael Chong)་དང་ཧོང་ཀོང་ནང་ཡོད་པའི་ཁོང་གི་ནང་མི་སྤུན་མཆེད་ཚོའི་གནས་ཚུལ་འཚོལ་ཞིབ་བྱེད་བཞིན་ཡོད་ཅིང་། ཕྱིར་ཕུད་བཏང་བའི་རྒྱ་ནག་གི་ཕྱི་སྲིད་དཔོན་རིགས་ཀྲའོ་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཁོང་གི་ནང་མི་སྤུན་མཆེད་ཚོའི་གནས་ཚུལ་འཚོལ་ཞིབ་ཀྱི་ལས་དོན་ནང་མཉམ་ཞུགས་བྱས་ཡོད་པ་ཁེ་ཎ་ཌའི་རྒྱལ་ཁབ་བདེ་འཇགས་ལས་ཁང་གི་མི་སྣ་ཞིག་གིས་བརྗོད་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་འདུག
གཟའ་མིག་དམར་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། ཁེ་ཎ་ཌ་གཞུང་གིས་གཞི་རྩ་གང་ཡང་མེད་པ་རྩོད་རྙོག་སློང་རྒྱུའི་བྱ་སྤྱོད་དེ་རིགས་ལ་ཁ་གཏད་ཆེད་ཁེ་ཎ་ཌའི་ཧྲང་ཧེ་ནང་ཡོད་པའི་ཕྱི་སྲིད་དཔོན་རིགས་ཤིག་ཡང་ཕྱིར་ཕུད་བྱས་པའི་སྐོར་བརྗོད་ཡོད་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎