རྒྱ་ནག་དང་ཇར་མི་ནིའི་འབྲེལ་ལམ་བསྐྱར་གསོ་བྱུང་སྐོར།
2008.06.13
༄༅༎དེ་ཡང་ཇར་མི་ནིའི་ཕྱི་སྲིད་བློན་ཆེན་ཕཱེརེང་ལྦོལ་ཀྲར་སི་ཀྲའེན་མ་ཡཱར་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་འབྱོར་བྱུང་ནས་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲེ་ཡིས་གཞུང་འབྲེལ་གྱི་མགྲོན་ཁང་ཞིག་ཏུ་ཕེབས་བསུའི་སྣེ་ལེན་གནང་ཡོད་པ་རེད་ ད་རེས་ཇར་མི་ནིའི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་མ་གནང་གོང་གཞུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་བའི་ནང་ དབྱང་ཅི་ཁྲེ་ཡིས་ད་ཆ་རྒྱ་ནག་དང་ཇར་མི་ནིའི་དབར་གྱི་འབྲེལ་ལམ་སྔར་རྒྱུན་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལུགས་བརྗོད་པ་དང་ པེ་ཅིང་ཕྱོགས་ནས་ད་རེས་ཇར་མི་ནིའི་ཕྱི་སྲིད་བློན་ཆེན་གྱི་གཟིགས་སྐོར་དེ་ནི་རྒྱ་ནག་དང་ཇར་མི་ནིའི་དབར་གྱི་འབྲེལ་ལམ་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་ངོས་འཛིན་ཞུ་གི་ཡོད་ཅེས་གསུང་བཞག ཇར་མི་ནིའི་ཕྱི་སྲིད་བློན་ཆེན་མཆོག་ད་རེས་རྒྱ་ནག་ནང་ཉིན་གསུམ་རིང་གི་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གྱི་བརྒྱུད་རྒྱ་ནག་གི་སྲིད་བློན་ཝེན་ཅ་བའོ་དང་མཇལ་འཕྲད་གནང་ཏེ་བོད་ཀྱི་གནད་དོན་སྐོར་དངོས་གསལ་དོད་པོ་མེད་པའི་ཐོག་ནས་གྲོས་མོལ་གནང་རྒྱུ་དང་ དེ་བཞིན་ཡང་ཟླ་བ་སྔོན་མ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཕོག་སའི་ས་ཁུལ་ཁག་ཏུའང་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད་ ན་ནིང་ཇར་མི་ནིའི་སྲིད་བློན་ཨེང་གེ་ལ་མར་ཀེལ་མཆོག་གིས་གཞུང་འབྲེལ་གྱི་ངོ་བོའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངམཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་ཡུལ་གྲུ་གཉིས་དབར་ཆེས་མཐོའི་དཔོན་རིགས་མཇལ་འཕྲད་གནང་རྒྱུའི་ལས་འཆར་ཁག་ཕྱིར་འཐེན་བཀག་སྡོམ་དང་དེ་བཞིན་ཇར་མི་ནིའི་བཟོ་ཚོང་ལས་ཁང་མང་པོ་ཞིག་གིས་རྒྱ་ནག་མཉམ་ཚོང་འབྲེལ་གན་རྒྱ་མི་ཐོབ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་