༸གོང་ས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་པ།
2010.01.04
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་བཞི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་མཛད་དེ་བཞུགས་ཞག་ལྔའི་རིང་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་བཀའ་དྲིན་བསྐྱངས་རྒྱུ་ཡིན་འདུག
གནས་མཆོག་རྡོ་རྗེ་གདན་དུ་སྐྱོང་བཞིན་པའི་དུས་ཡུན་ཉིན་གྲངས་བདུན་རིང་གི་དགེ་ལུགས་སྨོན་ལམ་ཆེན་མོར་༸གོང་ས་མཆོག་ཞབས་སོར་འཁོད་གནང་ཡོད་པ་དང་འབྲེལ་ཕྱི་ཚེས་བཞི་ནས་བརྒྱད་བར་དད་ལྡན་ཆོས་ཞུ་བ་ཚོར་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོ་རྗེ་ཙོང་ཁ་པ་ཆེན་མོས་མཛད་པའི་ལམ་རིམ་བསྡུས་དོན་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་པ་དང་ཕྱི་ཚེས་དགུའི་སྔ་དྲོ་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང་དད་ལྡན་ཆོས་ཞུ་བ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན་ཞིང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་གསར་འགྱུར་སྣེ་མང་ལས་གྲུབ་པའི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་རྒྱུ་དང་གནས་མཆོག་རྡོ་རྗེ་གདན་ཆོས་རྟེན་ཆེན་པོའི་འབྲེལ་ཡོད་དོ་དམ་ལས་འཛིན་གྱིས་འགྲེལ་བརྗོད་གནང་བར་གཞིགས་ན་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་མི་གྲངས་ཁྲི་ལྔ་ལྷག་ཙམ་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་ཀྱི་དྲ་བརྙན་བོད་སྐད་དང་དབྱིན་སྐད་ རྒྱ་སྐད་ཐོག་ནས་བཙན་བྱོལ་བོད་གཞུང་གི་དྲ་གནས་བརྒྱུད་ཐད་ཀར་གཟིགས་འབུལ་གནང་རྒྱུ་ཡིན་འདུག