༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་གནང་བཞིན་པ།
2014.12.02

༧གོང་ས་མཆོག་གིས་ཆོས་ལ་དད་པ་ཙམ་གྱི་མི་ཆོག་པར་དད་པ་བྱེད་ཡུལ་གྱི་ཆོས་དེ་གང་འདྲ་ཞིག་ཡོད་མེད་ཐོག་སློབ་སྦྱོང་གནང་དགོས་པ་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་ནས་བཅར་བའི་དད་ལྡན་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་བཞི་སྟོང་བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་། ཕྱི་ཟླ་༡༢ཚེས་༢ ནས་༥ བར་སྩལ་རྒྱུའི་གསུང་ཆོས་སུ་སོག་ཡུལ་ནས་ཆོས་ཞུ་བ་གྲངས་ ༧༠༠ ལྷག་དང་དེ་མིན་རྒྱ་གར་བ་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་༤༨ ནས་ཡིན་པ་མི་གྲངས་ ༡༠༠༠ དང་ཧི་མ་ལ་ཡའི་རི་བརྒྱུད་དང་བོད་མི་སྟོང་ཚོ་འགའ་ཤས་ཆེད་བཅར་ཞུས་ཡོད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་ནས་བཅར་བའི་དད་ལྡན་པ་ཆོས་ཞུ་བ་ཚོར་སོ་སོའི་ཕ་མེས་ནས་བརྒྱུད་པའི་ནང་པའི་ཆོས་ལུགས་ལ་དད་པ་ཧ་ཅང་ཆེན་པོ་ཡོད་ན་ཡང་། དད་པ་བྱས་པ་ཙམ་གྱི་མི་ཆོག་པར་དད་པ་བྱེད་ཡུལ་གྱི་ཆོས་དེ་གང་འདྲ་ཞིག་ཡོད་མེད་ཐོག་ངེས་པར་སློབ་སྦྱོང་བྱས་ནས་ཤེས་པར་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་རེད་ཅེས་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་ཚོས་ཏཱ་ལའི་བླ་མའི་༧སྐུ་མདུན་ནས་ཆོས་ཞུ་རྒྱུ་བྱུང་བ་དེ་བསྐལ་པ་བཟང་པོ་ཡིན་བསམ་པ་ཙམ་མིན་པར་ཆོས་ཉན་པ་དེ་སློབ་སྦྱོང་ཡིན་བསམ་པ་ཞིག་དང་། ངས་ཉན་སྟེ་ཤེས་པའི་ཆོས་དེ་ཉམས་ལེན་བཟང་པོ་ཞིག་བྱས་ནས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་སྤུས་དག་ཅིག་བྱེད་ཀྱི་བསམ་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
ཡང་སོག་ཡུལ་གྱི་ཆོས་ཞུ་བ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་སྐོར་དགོངས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་དང་འབྲེལ་བའི་སྔ་ཕྱིའི་ལོ་རྒྱུས་དང་། ༧གོང་ས་༧སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་གནས་སྟངས། བར་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཉིད་ནས་བསྟེན་གསོལ་མཛད་པ། མཐར་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་སྐབས་ཡོངས་འཛིན་གླིང་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ཀའི་ཐོག་ནས་ཐུགས་དགྱེས་པོའི་ཐོག་ནས་མོས་མཐུན་གནང་པ་སོགས་ཞིབ་ཕྲ་གསལ་བཤད་གནང་ཞིང་། སོག་པོའི་མི་རིགས་དང་ཕྱི་རྒྱལ་བའི་ཁོངས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཚམས་བྱེད་འདོད་ཡོད་ཀྱང་། དོལ་རྒྱལ་གྱིས་གནོད་སྲིད་པའི་འཇིགས་སྣང་བྱ་མཁན་ཡོད་ཚེ་འཇིགས་སྣང་གང་ཡང་བྱེད་མི་དགོས་ལ། ང་ཚོ་ཏཱ་ལའི་བླ་མའི་ལམ་སྟོན་གྱི་རྗེས་སུ་འགྲོ་གི་ཡོད་པས་དོལ་རྒྱལ་ཁྲོས་ན་ཏཱ་ལའི་བླ་མར་ཁྲོས་རོགས་ཞེས་བརྗོད་དགོས་པའི་ཞལ་ཤོབ་ཀྱི་ངང་ནས་བཀའ་སློབ་ལམ་སྟོན་མཛད་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
དེ་བཞིན་དེ་རིང་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་མཛད་སྐབས། བོད་དང་སོག་པོའི་བར་ནང་ཆོས་ཙམ་མ་ཡིན་པར་རིག་གཞུང་དང་གོམས་གཤིས་སོགས་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་བཀའ་བ་སོགས་ཞིབ་ཕྲ་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།