རྒྱ་ནག་དང་འཇར་མ་ནིའི་སྲིད་འཛིན་དབར་མཇལ་མོལ་གནང་བ།
2008.09.07
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཇར་མ་ནིའི་སྲིད་འཛིན་ཧོསེ་ཀོ་ལར་དང་ཉི་ཧོང་དང་རྒྱ་ནག་གི་མཛའ་གྲོགས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཀོཨི་ཆི་ཀ་ཊོ་གཉིས་སོ་སོར་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད།
འཇར་མན་སྲིད་འཛིན་དང་ཉི་ཧོང་གི་སྐུ་ཚབ་སྐུ་ཞབས་ཀོ་ཨི་ཆི་ཀ་ཊོ་གཉིས་རེས་གཟའ་སྤེན་པའི་ཉིན་པེ་ཅིང་དུ་འགོ་བཙུགས་གནང་བའི་དབང་པོ་སྐྱོན་ཅན་གྱི་དབྱར་ཁའི་རྩེད་འགྲན་དེའི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་བའི་ཟུར་ཏུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་གནང་བ་ཞིན་ཡིན་པ་དང༌། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང༌། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འཇར་མ་ནིའི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བར་དེར་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་ཚོགས་པའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་འཇར་མན་རྩེད་འགྲན་པ་ཚོས་རྩེད་མོ་ཧ་ཅང་གི་ཡག་པོ་རྩེད་པའི་སྐོར་བསྔགས་བརྗོད་བྱས་ཡོད་པ་དང་ལྷག་པར་དུ་གོ་སྐབས་དེ་བཟུང་སྟེ་འཇར་མ་ནིའི་གཞུང་གིས་བར་ལམ་རྒྱ་ནག་ནང་འབར་རྫས་ཀྱི་དོན་རྐྱེན་དང་དེ་བཞིན་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་བའི་སྐབས་རྒྱབ་སྐྱོར་དང་རོགས་རམ་གནང་བ་དེ་དག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པའི་སྐོར་དང༌། དེར་འཇར་མ་ནིའི་དབུ་ཁྲིད་ནས་ཟླ་བ་འདིའི་ཕྱི་ཚེས་༦ ནས་༡༧ བར་ཚོགས་རྒྱུའི་དབང་པོ་སྐྱོན་ཅན་གྱི་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོ་ཧ་ཅང་གི་གོ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཡོད་ལུགས་དང་དམིགས་བསལ་གྱིས་ས་ཡོམ་གནོད་འཚེ་བྱུང་ཡུལ་ཟི་ཁྲོན་ཞིང་ཆེན་ནས་ཡོང་བའི་དབང་པོ་སྐྱོན་ཅན་ལི་ཡུའེ་ཟེར་བའི་བུ་མོ་ཆུང་ཆུང་དེར་ཧ་ཅང་གི་སེམས་འགུལ་ཐེབས་ལུགས་གསུང་པ་དང་རང་འབྱུང་གི་གནོད་འཚེ་ཕོག་པ་ཚོར་ཐུགས་འཁུར་བྱ་རྒྱུ་དང་ཁོང་ཚོའི་མི་ཚེ་བསྐྱར་གསོ་ཡོང་ཐབས་རོགས་རམ་བྱ་རྒྱུ་དགོས་གལ་ཆེན་པོ་ཡིན་པའི་སྐོར་ལན་འདེབས་གནང་ཡོད་པའི་གནས་ཚུལ་ལུང་འདྲེན་བྱས་ཡོད་པ་རེད༎