༸གོང་ས་མཆོག་ནས་གྲོས་མོལ་གྱི་ལམ་གལ་ཆེ་ཞེས་བཀའ་སྩལ།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་གནང་འདུག

2008.05.20

༄༅༎༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་གནང་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནི་ཁུལ་གྱི་ཁ་ས་ཉིན་མཐའ་མའི་མཛད་རིམ་ཁོངས་སུ་མང་ཚོགས་ཉིས་ཁྲི་ལྔ་སྟོང་བརྒལ་བའི་འདུ་འཛུགས་ཤིག་ཐོག་གསུངས་བཤད་གནང་བའི་ནང་། དུས་རབས་ཉི་ཤུ་ཐམ་པ་དེ་བཞིན་དམག་འཁྲུག་གི་དུས་ཚོད་ཅིག་ཆགས་ཡོད་པ་རེད། ཡིན་ནའང་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་དཀའ་རྙོག་ག་འདྲ་ཞིག་ཡིན་རུང་ཞི་བའི་གྲོས་མོལ་གྱི་བརྒྱུད་ནས་སེལ་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ་དེ་ནི་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཀྱང་རེད་ཅེས་བཀའ་གནང་འདུག།

ཡང་༸གོང་ས་མཆོག་ནས། ཚོགས་ཁང་དེའི་ནང་མང་ཚོགས་མང་པོས་བོད་ཀྱི་རྒྱལ་དར་མང་པོ་འཁྱེར་བ་གཟིགས་རྒྱུ་ཡོད་པ་དེ་ནི་རྒྱ་ནག་ལ་ངོ་རྒོལ་ཡིན་པར་མཚོན་གྱི་ཡོད་མ་རེད་ལ་དེ་བས་ཁ་བྲལ་གྱི་ལས་འགུལ་ཡིན་པར་ཡང་མཚོན་གྱི་ཡོད་མ་རེད། ང་ཚོས་རྒྱ་ནག་གི་སྐར་མ་ལྔ་ལྡན་གྱི་རྒྱལ་དར་ལའང་གུས་བརྩི་དང་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་པ་དང༌། ཆབས་ཅིག་ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་འོག་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང༌། དོ་ཕོག་ཐེབས་པའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་དང༌། ཐུགས་སྨོན་གནང་དགོས་ལུགས་བཀའ་གནང་འདུག།

༸གོང་ས་མཆོག་ཁུལ་དེར་ཕེབས་པའི་སྐབས་རྒྱ་ནག་གཞུང་ཚབ་ཁང་ནས་དགག་ཆ་བྱེད་མིན་ལ་མ་ལྟོས་པར་འཇར་མན་གྱི་དཔལ་འབྱོར་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་མཆོག་དང༌། གཞན་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་མ་ཟད་ འཇར་མན་ངོས་ནས་མུ་མཐུད་ནས་རྒྱ་ནག་དང༌། བོད་པའི་སྐུ་ཚབ་དབར་མཇལ་འཕྲད་ཀྱིས་གྲོས་མོལ་གནང་རྒྱུར་གནོན་ཤུགས་སྤྲོད་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎