འཇར་མེ་ནིའི་ནང་བོད་མིས་རྒྱ་ནག་ལ་ངོ་རྒོལ་སྤེལ།
2012.04.23
༄༅༎ཕྱི་ཟླ་༤ཚེས་༢༢ཉིན་འཇར་མེ་ནིའི་གཙོ་འཛིན་ལྕམ་ཨེང་གེ་ལ་མཱར་ཀེལ་མཆོག་དང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་རྣམ་གཉིས་ནས་འཇར་མེ་ནིའི་ཁུལ་གྱི་ཧེན་ཨོ་ལྦར་ས་གནས་སུ་འཛམ་གླིང་གི་ཚོང་འདུས་ཆེ་ཤོས་དེ་དབུ་འབྱེད་གནང་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༢༠༠མ་ཟིན་ཙམ་གྱིས་ཧེ་ནོ་ལྦར་ཀོང་རེསི་ཚོགས་ཁང་གི་ཕྱིར་བོད་ཀྱི་རྒྱལ་དར་བརྣམས་ནས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་གནང་འདུག
འཇར་མེ་ནིའི་བྱང་ཕྱོགས་གྲོང་ཁྱེར་ཧེན་ཨོ་ལྦར་ནང་ཟླ་བ་འདིའི་ཚེས་༢༣ནས་༢༧བར་ཚོགས་བཞིན་པའི་བདུན་གཅིག་རིང་གི་ཚོང་འདུས་ཆེན་པོ་དེའི་ཐོག་ད་ལོ་རྒྱ་ནག་སྐུ་མགྲོན་གཙོ་བོ་དེ་ཡིན་པ་དང༌། རྒྱལ་ཁབ་༦༩ནས་ཐོན་སྐྱེས་འདྲ་མིན་དང་འཕྲུལ་རིགས་བཟོ་ཚོང་ལས་ཁང་༥༠༠༠ཙམ་མཉམ་ཞུགས་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་རང་ནས་བཟོ་ཚོང་ལས་ཁང་༥༠༠ཙམ་གྱི་འཐུས་མི་འབྱོར་འདུགལོ་འདིའི་ཚོང་འདུས་ཀྱི་རྩ་འཛིན་ནི་ཁོར་ཡུག་ལ་གནོད་འཚེ་མེད་པའི་ལྗངས་ལྡན་གྱི་འཕྲུལ་རིག་ལག་རྩལ་དང་ཐོན་གསར་འཚོལ་ཞིབ་བྱ་རྒྱུ་ཡིན་ཞིང། ཚོང་དུས་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་བློན་ ཝུན་ཅ་པའོ་ཡིས་གསུངས་ན། རྒྱ་ནག་དང་འཇར་མེ་ནི་འཛམ་གླིང་ནང་ནས་ཐོན་སྐྱེས་བྱེད་མཁན་གྱི་རྒྱལ་ཁབ་གལ་ཆེ་ཤོས་གཉིས་ཡིན་སྟབས། ཕན་ཚུན་མཉམ་འབྲེལ་དམ་གཟབ་བྱས་པའི་བརྒྱུད་རྒྱལ་སྤྱིའི་བཟོ་གྲྭའི་མཉམ་ལས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་མཉམ་རུབ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག།
དེ་བཞིན་འཇར་མེ་ནིའི་གཙོ་འཛིན་ཨེང་གེ་ལ་མཱར་ཀེལ་མཆོག་གིས་ལོ་གཅིག་ལས་ཉུང་བའི་དུས་ཚོད་ནང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་མཇལ་འཕྲད་གནང་བ་ད་རེས་ཐེངས་གསུམ་པ་དེ་ཡིན་པ་དང༌། རྒྱལ་ཁབ་གཉིས་ནང་ལས་དོན་བྱེད་སྟངས་ཀྱི་ཁྱད་པར་ཕྱོགས་གཉིས་ཀྱིས་རིམ་པས་རིམ་པས་ཤེས་རྟོགས་ཐུབ་རྒྱུ་ཡིན་སྐོར་གསུངས་ཏེ།རྒྱ་ནག་དང་འཇར་མེ་ནི་གཉིས་དབར་འདས་པའི་ལོའི་ནང་ཚོང་འབྲེལ་བྱེད་ཚད་ཡུ་རོ་ཐེར་འབུམ་༡༤༤ཟིན་ཡོད་པ་དེ་ད་དུང་མུ་མཐུད་
མཐོ་རུ་གཏོང་རྒྱུའི་ཕྱོགས་སུ་མཉམ་རུབ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བཞག།